Calling the Guru from Afar: The Chariot that Leads the Sun of Blessings – Tibetan

༄༅། །དྷཱིཿ བླ་མ་རྒྱང་འབོད་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་བཞུགས།།
མཁན་པོ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་མཛད།

དྷཱིཿ

མདོ་སྔགས་རིག་གཞུང་ཆོས་ཚུལ་རྒྱ་མཚོ་ཡི་གནད་གསང་།།
རྩོད་འཆད་རྩོམ་པས་འགྲེལ་ལ་འགྲན་ཟླ་དང་བྲལ་བའི།།
མཁས་པའི་དབང་ཕྱུགས་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
ཇི་ལྟ་ཇི་སྙེད་འཇལ་བའི་རྣམ་དཔྱོད་དེ་སྩོལ་ཤོག །

ལྷོད་མེད་དྲན་ཤེས་བག་ཡོད་སྣང་བ་དང་གྲོགས་པས།།
རྨི་ལམ་དུ་ཡང་ཉེས་སྤྱོད་ཕ་མོ་ཡིས་མ་གོས།།
བཙུན་པའི་མཆོག་གྱུར་དྲིན་ཆེན་བླ་མ་དེ་མཁྱེ་ནོ།།
དྲི་བྲལ་ཚུལ་ཁྲིམས་མཆོག་གི་རྒྱན་བཟང་དེ་སྩོལ་ཤོག །

སྣ་ཚོགས་འགྲོ་བའི་ཚོགས་ཀྱི་མོས་བློ་དང་འཚམ་པར།།
བསྡུ་བ་རྣམ་བཞིའི་ཚུལ་གྱིས་བྱང་ཆུབ་ལ་དཀྲི་མཛད།།
བཟང་པོའི་རྒྱན་འཆང་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
མཐའ་ཀླས་འགྲོ་ཀུན་འདྲེན་པའི་ནུས་མཐུ་དེ་སྩོལ་ཤོག །

ཟབ་ཡངས་བགྲང་ལས་འདས་པའི་ཏིང་འཛིན་གྱི་ཚོགས་ལ།།
རྩོལ་མེད་འཇུག་དང་ལྡང་བའི་རྩལ་ཆེན་ལ་དབང་བའི།།
རྣལ་འབྱོར་ཁྱུ་མཆོག་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
ཉམས་རྟོགས་ཡེ་ཤེས་མཆོག་གི་ཡོན་ཏན་དེ་སྩོལ་ཤོག །

ཆོས་ཀུན་བདེན་མེད་སྒྱུ་མའི་རང་བཞིན་དུ་རྟོགས་ཏེ།།
ཆོས་བརྒྱད་ཞེན་པའི་རྟོག་ཚོགས་ན་བུན་བཞིན་སངས་པའི།།
ངེས་འབྱུང་བློ་ལྡན་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
ལས་ཉོན་ལྕགས་སྒྲོག་དམ་པོ་སྐད་ཅིག་ལ་ཁྲོལ་ཤོག །

བདག་མེད་མཚོན་གྱིས་སྲིད་རྩ་དུམ་བུ་རུ་གཏུབས་ཀྱང་།།
སྙིང་རྗེ་སྟོབས་ཀྱིས་ཞི་བའི་བདེ་བ་ལ་མ་ཞེན།།
སྲིད་ཞིའི་མཐའ་སྤངས་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་དེ་སྩོལ་ཤོག །

སྲོག་སྡོམ་གཟེར་བཞིའི་དོན་ལ་བར་མེད་དུ་གོམས་ཏེ།།
སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་རོལ་བ་རུ་དག་པ།།
བསྐྱེད་རིམ་མཐར་འཁྱོལ་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
དབང་བཞིའི་ཆུ་བོ་སྙིང་གི་བུམ་པ་རུ་སྩོལ་ཤོག །

རྡོ་རྗེའི་ལུས་ལ་ཐབས་མཆོག་ལམ་བཟང་གིས་བསྣུན་ཚེ།།
བདེན་དོན་བཅུ་དྲུག་རྟོགས་པའི་རྩལ་ཆེན་དེ་རྫོགས་པའི།།
རྫོགས་རིམ་མཐར་འཁྱོལ་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
རླུང་སེམས་དབང་དུ་གྱུར་པའི་དྲོད་ཚད་དེ་སྩོལ་ཤོག །

ཁྲེགས་ཆོད་ཐོད་རྒལ་ཉེ་ལམ་ཐུགས་དབུས་སུ་སིམ་སྟེ།།
སྣང་བཞིའི་ལམ་གྱི་ཟག་ཕུང་འོད་སྐུ་རུ་སྨིན་པ།།
རྫོགས་ཆེན་མཐར་འཁྱོལ་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
དགོངས་བརྒྱུད་བྱིན་རླབས་འཕོ་བའི་ཕ་ཕོག་དེ་སྩོལ་ཤོག །

ཆོས་དང་ཆོས་ཉིད་ཀྱིས་བསྡུས་གཞལ་བྱ་ཡི་གནས་ཀུན།།
མ་འདྲེས་སྐད་ཅིག་གཅིག་ལ་ཐོགས་མེད་དུ་གཟིགས་པ།།
མཁྱེན་རབ་མངའ་བདག་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
བདག་རྒྱུད་རྨོངས་པའི་ཉེས་ཚོགས་ལྷག་མེད་དུ་ཆོམ་ཤོག །

དཔག་ཡས་དུཿཁས་མནར་བ་ཉམ་ཐག་གི་འགྲོ་ལ།།
གཅེས་པའི་བུ་སྡུག་ཉིད་ལ་མ་བཞིན་དུ་བྱམས་པའི།།
བརྩེ་བའི་མཛོད་འཆང་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
གཞན་ཕན་བྱང་ཆུབ་སེམས་ཀྱི་གོ་ཆ་དེ་སྩོལ་ཤོག །

འཇིགས་ཆེན་འཁོར་བའི་གནས་ལ་དབང་མེད་དུ་འཁྱམས་རྣམས།།
མིག་འཕྲུལ་བཞིན་དུ་གཏན་བདེའི་རྒྱལ་ཐབས་ལ་འགོད་པའི།།
ནུས་པའི་གཏེར་གཅིག་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
ཕན་བདེའི་ཕྲིན་ལས་མཆོག་གི་དགེ་ལེགས་དེ་སྩོལ་ཤོག །

སྔོན་བྱོན་རྒྱལ་བས་མ་ཐུལ་དམུ་རྒོད་ཀྱི་འགྲོ་ལ།།
སྨིན་གྲོལ་ཆོས་ཀྱི་བགོ་བཤའ་ཕངས་མེད་དུ་སྙིལ་མཁས།།
སྙིང་སྟོབས་མཆོག་མངའ་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
སྙིགས་ལྔའི་རྒུད་པ་བརྒྱ་ཕྲག་དུས་གཅིག་ལ་ཆོམ་ཤོག །

རབ་འབྱམས་ཞི་དང་ཁྲོ་བོའི་དཀྱིལ་འཁོར་གྱི་བཀོད་པ།།
ཇི་སྙེད་སྤྲོ་དང་བསྡུ་བའི་བྱེད་པོ་ནི་མཐར་ཐུག །
རིགས་བརྒྱའི་ཁྱབ་བདག་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
སྙིང་དབུས་མི་ཤིགས་གཞོན་ནུའི་གཏེར་སྒོ་དེ་ཕྱེས་ཤོག །

ནད་མཚོན་མུ་གེའི་གདུང་བ་མེ་དཔུང་ལས་དབལ་ཚ།།
འགྲོ་དྲུག་འཁོར་བའི་གཡང་ས་བཙོན་ར་ལས་ཉམ་ང་།།
རང་རེ་མགོ་འཁོར་སེམས་ཅན་ལོང་བ་ལས་ཉམ་ཐག །
ཐུགས་རྗེས་འདོར་བར་ཕོད་དམ་དྲིན་ཆེན་གྱི་བླ་མ།།

ཉམ་ཐག་མོས་པས་གསོལ་བ་ལྷང་ལྷང་དུ་བཏབ་ཀྱང་།།
འགྲན་མེད་བྱིན་རླབས་མཆོག་གི་དབུགས་དབྱུང་ཞིག་མེད་ན།།
སླར་ཡང་གདུང་ཡུས་དྲག་པོ་སྙིང་དབུས་ལ་ལྷགས་ཚེ།།
ལུས་འདི་འཐོར་ལ་ཉེའོ་དྲིན་ཆེན་གྱི་བླ་མ།།

སྡུག་བསྔལ་ཆུ་ཀླུང་དྲག་པོས་དབང་མེད་དུ་འཁྱེར་བཞིན།།
ལས་ཉོན་ཆུ་སྲིན་གདུག་པས་ཁམ་ཟས་སུ་བྱས་ཚེ།།
བར་མེད་བདེ་བའི་གླིང་ལ་ཡིད་སྨོན་ཞིག་ཡོད་ཀྱང་།།
རེ་འབྲས་དོན་མེད་གྱུར་འདི་བླ་མ་ཡིས་དགོངས་སམ།།

དགོངས་ཤིག་བརྩེ་ལྡན་མཚུངས་བྲལ་དྲིན་ཆེན་གྱི་བླ་མ།།
གང་གི་གསང་གསུམ་ཡོན་ཏན་ཕྲིན་ལས་ཀྱི་ཕུན་ཚོགས།།
མ་ལུས་འགྲོ་བའི་རྒྱུད་ལ་འབད་མེད་དུ་འཕོས་ནས།།
འཁོར་བ་དོང་ནས་སྤྲུགས་པའི་ཤིས་པ་དེ་སྩོལ་ཤོག །

       ཅེས་ཚིགས་སུ་བཅད་པ་མ་འདྲེས་བཅོ་བརྒྱད་ཀྱི་གྲངས་འཛིན་འདི་ནི་རབ་རྒྱལ་ཤིང་སྤྲུལ་ཟླ་ཚེས་ལ་ངག་དབང་བློ་གྲོས་མཚུངས་མེད་ཀྱིས་སྔ་དྲོའི་ཐུན་གསེང་ཞིག་ཏུ་སྙིང་གྲོགས་བད་འཛིན་སོགས་དད་ལྡན་རྣམས་ལ་ཕན་འདོད་ཀྱིས་ཀུན་ནས་བསླངས་ཏེ་བྲིས་པའོ།། དགེ་ལེགས་འཕེལ།། །།

[pdf]
[epub]
[mobi]
[print]