A Pleasing Festival of the Blossoming White Lotus of Intelligence – Tibetan

༄༅། །འཇམ་དབྱངས་དམར་སེར་གྱི་བསྙེན་སྒྲུབ་བྱ་ཚུལ་བློ་གྲོས་ཀུནྡ་བཞད་པའི་དགའ་སྟོན་
ཞེས་བྱ་བ་བཞུགས་སོ། །

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས།

བློ་གསལ་དད་པའི་ཟུར་ཕུད་ངོས་དག་ལ། །གང་གི་ཞབས་སེན་ནོར་བུ་ངལ་བསོ་བ། དེ་ཡི་སྙིང་གི་མེ་ལོང་གསལ་བའི་ངོགས། །ཡོན་ཏན་རི་མོ་འབུམ་ཕྲག་འཆར་བའི་དཔྱིད། །འཇམ་དབྱངས་ཞེས་གྲགས་ལྷག་པའི་ལྷ་མཆོག་དེ། །ལྷན་སྐྱེས་བཞིན་དུ་སྙིང་དབུས་རོལ་ཅིག་དང་། །རྒྱུ་དེས་ཐུབ་བསྟན་ཁང་བཟང་མཛེས་རྒྱན་དུ། །ལེགས་བཤད་གསེར་གྱི་རྒྱལ་མཚན་བདག་གིས་བསྒྲེངས། །ཤེས་རབ་ནོར་བུ་ཆུ་ཤེལ་ལས་ནི་ཞིབ་བསིལ་བའི་དངོས་པོ་འབྱུང་། །ཡང་དག་དོན་རྟོགས་བློ་གྲོས་མཆོག་ཀྱང་ལྷག་པའི་ལྷ་ཡི་མཐུ་ཡིས་ཏེ། །འཁོར་བའི་སྡུག་བསྔལ་མེ་ཚོགས་གཞིལ་ཞིང་གཏན་དུ་བདེ་བར་འཇུག་འདོད་དག །བློ་གྲོས་མཆོག་སྩོལ་འཇམ་པའི་དབྱངས་གང་སྒྲུབ་པའི་ཐབས་ཚུལ་འདིར་འཇུག་རིགས། །དེ་ལ་འདིར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་དངོས་སུ་གནང་བའི་འཇམ་དབྱངས་ཆོས་སྐོར་གྱི་ནང་ཚན་འཇམ་དབྱངས་དཔའ་བོ་གཅིག་པའི་སྒྲུབ་ཐབས་བསྒོམ་པའི་ཚུལ་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་གསུམ་ལས།

དང་པོ་ནི། [སྔོན་འགྲོ་ལ།]
རྣལ་འབྱོར་པ་དབང་དང་རྗེས་གནང་མན་ངག་སོགས་ལེགས་པར་ཐོབ་པས། དབེན་པའི་གནས་སུ་མཚམས་ལེགས་པར་བཅད། སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ། འཇམ་དབྱངས་ཀྱི་སྐུ་སོགས་བཀྲམ་པའི་མདུན་དུ་དཀར་གཏོར་འདབ་མ་བཞི་པ་དང་། མཆོད་པ་རྣམས་ལེགས་པར་བཤམ། །སྟན་བདེ་བ་ལ་འཁོད་ནས་སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་ངོ་།།

[སྐྱབས་འགྲོ་སེམས་སྐྱེད་ཚད་མེད་བཞི་ལ།]
གཞན་སྒྲོལ་བ་ལ་རང་འདམ་ལས། །སྒྲོལ་བ་དགོས་པས་གཞན་དོན་དུ། །སངས་རྒྱས་གོ་འཕང་ཐོབ་པའི་ཕྱིར། །བདེ་གཤེགས་རྣམས་ལ་སྐྱབས་སུ་མཆི། །ཐོབ་ལམ་སྟོན་པས་གསུངས་པའི་སྨན། །མདོ་སྔགས་ཆོས་ནི་གཞན་དོན་དུ། །རང་རྒྱུད་དང་འདྲེས་སྤྱོད་པའི་ཕྱིར། །དམ་པའི་ཆོས་ལ་སྐྱབས་སུ་མཆི། །རྗེས་སུ་འབྲང་ནས་སྤྱོད་པའི་ཞིང་། །ཆོས་འཛིན་དགེ་འདུན་གཞན་དོན་དུ། །ལམ་གྱི་ཟླ་གྲོགས་ཞུ་བའི་ཕྱིར། །ཚོགས་ཀྱི་མཆོག་ལའང་སྐྱབས་སུ་མཆི། །བདག་ནི་འགྲོ་བ་ཀུན་དོན་དུ། །བསམ་སྤྱོད་དེ་ནི་བྱང་སྙིང་བར། །སྐད་ཅིག་དོར་མེད་བརྟན་བཟུང་བའི། །བྱང་ཆུབ་མཆོག་ཏུ་སེམས་སྐྱེད་དོ། །མར་གྱུར་འགྲོ་ཀུན་བདེ་དང་ལྡན། །སྡུག་བསྔལ་རྒྱུ་བཅས་བྲལ་གྱུར་ཅིག །བདེ་བར་གནས་དགའ་གཏན་བདེའི་རྒྱུ། །ཆགས་སྡང་བྲལ་ལ་འགོད་པར་བྱ། །ཞེས་ལན་གསུམ་གྱི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྒོམ།།

[དགའ་‌ལྡན་‌ལྷ་‌བརྒྱའི་‌མ]
‌དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས།‌ །‌རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར།‌ །‌ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་བློ་བཟང་གྲགས། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ།‌ །‌‌མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌།‌ །‌རྗེ་བཙུན་བླ་མ་དགྱེས་པའི་འཛུམ་དཀར་ཅན།‌ །‌བདག་བློ་དད་པའི་བསོད་ནམས་ཞིང་མཆོག་ཏུ། །‌བསྟན་པ་རྒྱས་ཕྱིར་བསྐལ་བརྒྱར་བཞུགས་སུ་གསོལ།‌ །‌‌ཤེས་བྱའི་ཁྱོན་ཀུན་འཇལ་བའི་བློ་གྲོས་ཐུགས།‌ །‌སྐལ་བཟང་རྣ་བའི་རྒྱན་གྱུར་ལེགས་བཤད་གསུང༌།‌ །‌གྲགས་པའི་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ། །‌མཐོང་ཐོས་དྲན་པས་དོན་ལྡན་ལ་ཕྱག་འཚལ།‌ །‌‌ཡིད་འོང་མཆོད་ཡོན་སྣ་ཚོགས་མེ་ཏོག་དང༌།‌ །‌དྲི་ཞིམ་བདུག་སྤོས་སྣང་གསལ་དྲི་ཆབ་སོགས། །‌དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འདི། །‌བསོད་ནམས་ཞིང་མཆོག་ཁྱེད་ལ་མཆོད་པར་འབུལ།‌ །‌‌གང་ཞིག་ཐོག་མེད་དུས་ནས་བསགས་པ་ཡི།‌ །‌ལུས་ངག་ཡིད་ཀྱི་མི་དགེ་ཅི་བགྱིས་དང༌། །‌ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས།‌ །‌སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས།‌ །‌སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན།‌ །‌ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱེད། །‌མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །‌བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་།‌ །‌རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱིས།‌ །‌ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་སྤྲིན་འཁྲིགས་ནས།‌ །‌ཇི་ལྟར་འཚམས་པའི་གདུལ་བྱའི་འཛིན་མ་ལ།‌ །‌ཟབ་རྒྱས་ཆོས་ཀྱི་ཆར་པ་དབབ་ཏུ་གསོལ།‌ །‌‌བདག་གིས་ཇི་སྙེད་བསགས་པའི་དགེ་བ་འདིས།‌ །‌བསྟན་དང་འགྲོ་བ་ཀུན་ལ་གང་ཕན་དང༌།‌ །‌ཁྱད་པར་རྗེ་བཙུན་བློ་བཟང་གྲགས་པ་ཡི། །‌བསྟན་པའི་སྙིང་པོ་རིང་དུ་གསལ་བྱེད་ཤོག །སྐྱེད་བ་ཀུན་ཏུ་ཝང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།

[མཎྜལ།]
ས་གཞི་སྤོས་གྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་གུ་རུ་རཏྣ་མཎ་ཌ་ལ་ཀཾ་ནིར་ཡ་ཏ་ཡ་མི།།]

གཉིས་པ་དངོས་གཞི་ལ།
ལྷའི་རྣལ་འབྱོར་བསྒོམ་ཚུལ་སྤྱིར་བཤད་པ་དང་། བཟླས་པའི་སྐབས་ཀྱི་དམིགས་པ་བྱེ་བྲག་ཏུ་བཤད་པ་གཉིས་ལས།།

དང་པོ་ནི། [ལྷའི་རྣལ་འབྱོར་བསྒོམ་ཚུལ་སྤྱིར་བཤད་པ་ལ]
རང་ཐ་མལ་དུ་གནས་པའི་སྙིང་སྒོ་ང་ལྟ་བུ་རྩེ་མོ་གྱེན་དུ་བསྟན་པའི་ནང་དུ་ཟླ་བ་ལ་གནས་པའི་དྷཱིཿ དམར་སེར་རིང་ཆ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་རང་གི་ལུས་ལ་ཐིམ་པས་ཤ་རུས་རྡོས་བཅས་ཀྱི་ལུས་དང་སྙིང་སྒོ་ང་ལྟ་བུ་འོད་དུ་ཞུ་དྷཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་རྗེ་བཙུན་འཇམ་དབྱངས་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རལ་གྲི་འཕྱར་ཞིང་། གཡོན་པས་ཨུཏྤལའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གྱིས་འཛིན་པའི་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་པའི་སྟེང་ན་བརྒྱད་སྟོང་པའི་གླེགས་བམ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་རྣམས་ཀྱིས་སྤྲས་པ། རལ་པའི་ཟུར་ཕུད་གཡོན་དུ་འཕྱུང་བ། ཞི་བ་འཛུམ་པའི་ཉམས་དང་ལྡན་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཤིན་ཏུ་གསལ་བར་གྱུར་པའི་སྤྱི་པོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ།།

[ལྷ་སྤྱན་དྲངས་ནི།]
ཧཱུཾ་ལས་འོད་འཕྲོས་རྗེ་བཙུན་འཇམ་དབྱངས་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་སྤྱན་དྲངས། ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་པཱདྱཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་དྷུཔེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨཱ་ལོ་ཀེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་གནྡྷེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ནཻ་བིདྱཱ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ།།

[དབང་ལ་གསོལ་བ་བཏབ་ནི།]
ཇི་ལྟར་མགོན་པོ་ཁྱོད་ཀྱིས་ནི། །སྔོན་ཚེ་འགྲོ་ལ་དབང་བསྐུར་ལྟར། །དེ་བཞིན་ཐུགས་རྗེས་བདག་ལ་ཡང་། །དབང་བསྐུར་དམ་པ་སྩལ་དུ་གསོལ། ། ཞེས་ལན་གསུམ་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ཏེ། ཇི་ལྟར་སྔོན་ཚེ་འགྲོ་རྣམས་ལ། །དབང་བསྐུར་དམ་པ་མཛད་ཇི་བཞིན། དེ་རིང་ཡེ་ཤེས་བདུད་རྩིའི་ཆུས། །བུ་ཁྱོད་ལ་ནི་དབང་བསྐུར་རོ། ། ཨོཾ་ཨཱརྱ་མཉྫུ་ཤྲཱི་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུངས་ཤིང་དབང་བསྐུར་བས་ལུས་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །དབང་བཞི་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས། རྡོ་རྗེ་སྔོན་པོ་རྩེ་ལྔ་པས་དབུ་བརྒྱན་ཅིང་། དབང་ལྷ་རྣམས་ཡེ་ཤེས་སེམས་དཔའི་ཚུལ་དུ་རང་ལ་ཐིམ་པར་གྱུར། མཆོད་པ། [ཛཿཧཱུཾ་བཾ་ཧོཿ ཡེ་ཤེས་པ་རྣམས་དམ་ཚིག་པ་གཉིས་སུ་མེད་པར་གྱུར།།]

[བསངས་བྱིན་གྱི་བརླབས།]
ཨོཾ་བཛྲཱ་མྲྀཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར།
ཨོཾ་ཨརྒྷཾ་ཨཱཿ་ཧཱུཾ། ཨོཾ་པཱདྱཾ་ཨཱཿ་ཧཱུཾ། ཨོཾ་པུཥྤེ་ཨཱཿ་ཧཱུཾ། ཨོཾ་དྷུཔེ་ཨཱཿ་ཧཱུཾ། ཨོཾ་ཨཱ་ལོ་ཀེ་ཨཱཿ་ཧཱུཾ། ཨོཾ་གནྡྷེ་ཨཱཿ་ཧཱུཾ། ཨོཾ་ནཻ་བིདྱཱ་ཨཱཿ་ཧཱུཾ། ཨོཾ་ཤཔྟ་ཨཱཿ་ཧཱུཾ།།

[བདག་སྐྱེ་ལ་མཆོད་པ་ནི།]
ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་པཱདྱཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་དྷུཔེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨཱ་ལོ་ཀེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་གནྡྷེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ནཻ་བིདྱཱ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ།།

[བསྟོད་པ་ནི]
རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་བསྡུས་པ། །དམར་སེར་སྐུ་ཡིས་ཡིད་འཕྲོག་ལྷག་པའི་ལྷ། །འགྲོ་བ་ཀུན་གྱི་སྐྱབས་གཅིག་མཁྱེན་པའི་གཏེར། །གཏན་གྱི་སྐྱབས་གནས་ཁྱོད་ལ་མགོས་ཕྱག་འཚལ།། ཞེས་བསྟོད།

དེ་ནས། [སྔགས་བཟླས་པ་ནི།]
རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་དྷཱིཿདམར་སེར་རིང་ཆ་ཚེག་དྲག་དང་བཅས་པ་ལ། ཨོཾ་ཨ་ར་པ་ཙ་ན། ཞེས་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་དང་། ཕྱི་ནང་གི་པཎ་གྲུབ་རྣམས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ་དང་མི་བརྗེད་པའི་གཟུངས་ལ་སོགས་པ་ཕྱག་མཚན་དང་ས་བོན་གྱི་རྣམ་པར་སྤྱན་དྲངས། སྔགས་འཕྲེང་ལ་ཐིམ་པས་ཤེས་བྱ་ཐམས་ཅད་ལ་བློ་གྲོས་ཀྱི་སྣང་བརྒྱས་པར་བསམ་ལ། བཟླས་པ་ཅི་རིགས་བྱས་པའི་མཐར།།

རང་གི་ལྕེའི་སྟེང་དུ་དྷཱིཿདམར་སེར་མགོ་གྲེ་ཕུག་ཏུ་བསྟན་པ་ལས་དྷཱིཿཡིག་གི་ཚོགས་སྤྲོས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བར་བསམས་ལ། དབུགས་ཐེངས་གཅིག་ལ་དྷཱིཿབརྒྱ་རྩ་བརྒྱད་བགྲངས། མཆིལ་མ་མིད་པ་དང་མཉམ་དུ། ལྕེ་སྟེང་གི་དྷཱིཿཁོང་པའི་ནང་དུ་སོང་བས་ལུས་ཐམས་ཅད་འོད་ཀྱིས་གང་། སྡིག་སྒྲིབ་དང་མི་ཤེས་པ་ཐམས་ཅད་དག་པར་བསམས་ལ།།

གང་ཚེ་བལྟ་བར་འདོད་པའམ། །ཅུང་ཟད་དྲི་བར་འདོད་ན་ཡང་། །མགོན་པོ་འཇམ་དབྱངས་དེ་ཉིད་ནི། །གེགས་མེད་པར་ཡང་མཐོང་བར་ཤོག །

ཐུན་མཐར་གཏོར་མ་འབུལ་ན། མཆོད་གཏོར་བྱིན་གྱིས་བརླབས།
ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། རྗེ་བཙུན་འཇམ་དཔལ་དབྱངས་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པཱ་རི་བཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སོགས་གསུམ་མམ་བདུན་གྱིས་འབུལ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་པཱདྱཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་དྷུཔེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨཱ་ལོ་ཀེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་གནྡྷེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ནཻ་བིདྱཱ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ།།

བསྟོད་པ་ནི་
གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཤེས་རབ་སྒྲོན་མེ་རབ་ཏུ་འབར། །འཇིག་རྟེན་གསུམ་མགོན་མིག་གཅིག་པུ། །འཇམ་དཔལ་དབྱངས་ལ་ཕྱག་ཚལ་ལོ།།

[གང་བློ་མ།]
 བླ་ མ་ དང་ མགོན་ པོ་ རྗེ་ བཙུན་ འཇམ་ པའི་ དབྱངས་ ལ་ ཕྱག་ འཚལ་ ལོ།   ། གང་ གི་ བློ་ གྲོས་ སྒྲིབ་ གཉིས་ སྤྲིན་ བྲལ་ ཉི་ ལྟར་ རྣམ་ དག་ རབ་ གསལ་ བས།     ། ཇི་ སྙེད་ དོན་ ཀུན་ ཇི་ བཞིན་ གཟིགས་ ཕྱིར་ ཉིད་ ཀྱི་ ཐུགས་ ཀར་ གླེགས་ བམ་ འཛིན།   ། གང་ དག་ སྲིད་ པའི་ བཙོན་ རར་ མ་ རིག་ མུན་ འཐོམས་ སྡུག་ བསྔལ་ གྱིས་ གཟིར་ བའི།   ། འགྲོ་ ཚོགས་ ཀུན་ ལ་ བུ་ གཅིག་ ལྟར་ བརྩེ་ ཡན་ ལག་ དྲུག་ ཅུའི་ དབྱངས་ ལྡན་ གསུང་ །   ། འབྲུག་ ལྟར་ ཆེར་ སྒྲོགས་ ཉོན་ མོངས་ གཉིད་ སློང་ ལས་ ཀྱི་ ལྕགས་ སྒྲོག་ འགྲོལ་ མཛད་ ཅིང་ །   ། མ་ རིག་ མུན་ སེལ་ སྡུག་ བསྔལ་ མྱུ་ གུ་ ཇི་ སྙེད་ གཅོད་ མཛད་ རལ་ གྲི་ བསྣམས།   ། གདོད་ ནས་ དག་ ཅིང་ ས་ བཅུའི་ མཐར་ སོན་ ཡོན་ ཏན་ ལྷུན་ རྫོགས་ རྒྱལ་ སྲས་ ཐུ་ བོའི་ སྐུ།   ། བཅུ་ ཕྲག་ བཅུ་ དང་ བཅུ་ གཉིས་ རྒྱན་ སྤྲས་ བདག་ བློའི་ མུན་ སེལ་ འཇམ་ པའི་ དབྱངས་ ལ་ འདུད།   ། ཨོཾ་ ཨ་ ར་ པ་ ཙ་ ན་ དྷིཿ  ། བརྩེ་ ལྡན་ ཁྱོད་ ཀྱི་ མཁྱེན་ རབ་ འོད་ ཟེར་ གྱིས།   ། བདག་བློའི་ གཏི་ མུག་ མུན་ པ་ རབ་ གསལ་ ནས། །  བཀའ་ དང་ བསྟན་ བཅོས་ གཞུང་ ལུགས་ རྟོགས་ པ་ ཡི།   ། བློ་ གྲོས་ སྤོབས་ པའི་ སྣང་ བ་ བསྩལ་ དུ་ གསོལ། །   ། །

ཡིག་བརྒྱ་བརྗོད།
ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་ར་ཀྟོ་མེ་བྷ་བ། སརྦ་སི་དྡྷི་མེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙི་ཏྟཾ༌ཤེ་ཡཿ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བ་ན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུ་ཉྩ། བཛྲ་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ།།

བཟོད་པར་གསོལ།
མ་རྙེད་ཡོངས་སུ་མ་ཤེས་དང་། གང་ཡང་ནུས་པ་མ་མཆིས་པས། འདིར་ནི་བྱ་བ་གང་བགྱིས་པ། དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ལྷག་པ་དང་ནི་ཆད་པ་དང། །ཆོ་གའི་ཡན་ལག་ཉམས་པ་དང། །བདག་གིས་བརྗེད་ངན་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ།།

[རྟེན་ཡོད་ན་བརྟན་བཞུགས་བྱ
འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།། ]

མདུན་བསྐྱེད་བྲིས་སྐུ་སོགས་ལ་བརྟན་བཞུགས་བྱ། དེ་ནས། རང་གི་ཐུགས་ཀའི་དྷཱིཿལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་དང་རང་གི་ལུས་འོད་དུ་ཞུ་ནས་དྷཱིཿལ་ཐིམ། དེ་ཚེག་དྲག་ལ། དེ་ཡང་འོད་གསལ་དུ་གྱུར། སྟོང་བའི་ངང་ལས་རང་ཉིད་འཇམ་དཔལ་དབྱངས་སུ་གསལ་བའི་གནས་གསུམ་ལ་ཡི་གེ་གསུམ་གྱིས་མཚན་པར་གྱུར།

ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཀུན་དོན་སྒྲུབ་པའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་གི་སྤྱོད་པའང་དེ་འདྲར་ཤོག །འདི་བཏོན་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་ཅི་མཆིས་པ། །དེས་ནི་འགྲོ་བ་མ་ལུས་པས། །འཇམ་དབྱངས་གོ་འཕང་ཐོབ་པར་ཤོག།

གཉིས་པ་བཟླས་པའི་སྐབས་ཀྱི་དམིགས་པ་བྱེ་བྲག་ཏུ་བཤད་པ་ནི།
རྗེ་བཙུན་གྱི་གསུང་ལས། དཔའ་གཅིག་རྐྱང་པའི་ཁོར་ལོ་ལ། །གལ་ཏེ་འབྲུ་དྲུག་བཀོད་ལགས་ན། །དམིགས་པ་དབུས་ཀྱི་དྷཱིཿལ་གཏད། །དྷཱིཿདྲུག་བཀོད་ན་དེ་ལ་གཏད། །དྷཱིཿརྐྱང་ཁོ་ན་བགྲང་བས་ན། །དཔའ་གཅིག་དྷཱིཿདྲུག་བཀོད་པ་ཟབ། །འཁོར་ལོ་ཡིག་འབྲུ་དུས་མཉམ་དུ། །འཁོར་བའི་དམིགས་པ་མ་བྱུང་ན། །རེ་མོས་བསྐོར་བས་ཆོག་ཅེས་གསུངས། །གལ་ཏེ་ལ་ཁོར་ལོ་མི་བསྐོར་ན། ཀློག་ཚུལ་སྔགས་ལ་དམིགས་པ་གཏད། །མྱུར་མགྱོགས་འཁོར་བསྐོར་ན་ཆེ། །འཁོར་ལོ་མ་བསྐོར་བགེགས་རྣམས་ཉུང་། །ཞེས་གསུངས་པའི་དོན་ཞིབ་བར་བཤད་ན། རང་གི་སྙིང་གར་རལ་གྲིའི་འཁོར་ལོ་རྩི་བས་དྲུག་པ་མུ་ཁྱུད་མེད་ཅིང་། རལ་གྲིའི་རྩ་བ་རྣམས་གཅིག་ཏུ་གྱུར་པའི་འཁོར་ལོའི་ལྟེ་བར་ཟླ་གདན་གྱི་སྟེང་དུ་དྷཱིཿཡིག་དམར་སེར་རིང་ཆ་ཚེགས་དྲག་དང་བཅས་པ། རྩི་བས་དྲུག་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཨོཾ་ཨ་ར་པ་ཙ་ན། ཞེས་པའི་ཡིག་འབྲུ་དྲུག་འཁོར་ལོར་མ་རེག་པའི་ཚུལ་དུ་བཀོད་ནས། དངོས་གཞིའི་དམིགས་སྐོར་ལ། མི་ཤེས་པ་བསལ་བ་དང་། མ་དག་པ་འཁྲུད་པ་དང་། སྐུའི་སྒོ་ནས་ཤེས་རབ་ཆེ་བ་དང་། གསུང་གི་གསལ་བ་དང་། ས་བོན་གྱི་མྱུར་པ་དང་། ཕྱག་མཚན་གྱི་ཟབ་པའི་ཤེས་རབ་སྒྲུབ་ཚུལ་དང་དྲུག་ལས། དང་པོ་ནི། སྔགས་བཟླ་བའི་ཚེ་འཁོར་གཡས་དང་། ཡིག་འབྲུ་གཡོན་དུ་འཁོར་བའི་འོད་ཟེར་ཀྱང་དེ་བཞིན་དུ་འཁོར་བས། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཀུན་དང་ཁྱད་པར་མི་ཤེས་པའི་རྨོངས་པ་ཐམས་ཅད་སྐྲ་ཤད་ཀྱི་རྣམ་པར་ནག་ཉིལ་ཉིལ་བྱུང་བ་རལ་གྲིས་རྦད་རྦད་བཅད་ཅིང་འོད་ཟེར་གྱིས་བསྲེགས་པའི་ཐལ་བ་འོག་སྒོ་ནས་ཐོན་པར་བསྒོམས་པའམ། ཡང་ན་ཡིག་འབྲུ་དང་འཁོར་ལོའི་འོད་ཟེར་གྱིས་ལུས་ཀྱིས་ནང་ཐམས་ཅད་གང་བས་སྡིག་སྒྲིབ་རྣམས་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གར་སོང་ཆ་མེད་དུ་སངས་ཀྱིས་དག་པར་བསྒོམ་པར་བྱའོ། ། གཉིས་པ་ནི། སྙིང་གའི་དྷཱིཿཡིག་གི་གི་གུའི་ནང་དུ་རང་ཐ་མལ་པར་གནས་པའི་མཐའ་སྐོར་དུ་སེམས་ཅན་ཀྱང་གསལ་བཏབ་ལ། སྔགས་འཕྲེང་ལས་ལྷ་མོ་དཀར་མོ་བདུད་རྩིས་གང་བའི་བུམ་པ་དཀར་པོ་དང་རྨ་བྱའི་སྒྲོའི་ཆུན་པོ་ཐོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ་རང་གཞན་གྱི་ལུས་ཀྱི་ཕྱི་ནང་ཐམས་ཅད་བུམ་ཆུས་བཀྲུས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་ཐོན་ཞིང་རྨ་བྱའི་སྒྲོས་བྱབས་ནས་དག་པར་བྱས་པས་ལུས་སེམས་བདེ་བས་གང་། ལུས་ཤེས་སྒོང་གཡའ་དག་པ་ལྟར་གྱུར་པར་བསྒོམ།ཡང་ན་འོད་ཟེར་འཕྲོས་པས་སྡིག་སྒྲིབ་ཐམས་ཅད་གར་སོང་ཆ་མེད་དུ་སངས་ཀྱིས་དག་པར་བསམ། གསུམ་པ་ནི། སྔགས་འཁོར་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་ཏེ། སངས་རྒྱས་བྱང་སེམས་ཉན་རང་པཎྜི་ཏ་སོགས་ཀྱི་མཁྱེན་རབ་མཐའ་དག་རྗེ་བཙུན་གྱི་སྐུ་ཆེ་ཆུང་བསམ་གྱིས་མི་ཁྱབ་པའི་རྣམ་པར་སྤྱན་དྲངས་ཏེ། ཐུགས་ཀའི་དྷཱིཿཡིག་ལ་ཁ་བ་བུ་ཡུག་འཚུབ་པ་བཞིན་སིབ་སིབ་ཐིམ་རང་གི་ལུས་ཀྱི་ནང་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་གྱི་འོད་ཤིན་ཏུ་གསལ་པས་གང་། ཤེ་བྱ་ཇི་ལྟ་ཇི་སྙེད་ལ་བློ་གྲོས་ཐོགས་པ་མེད་པ། ཁྱད་པར་དུ་གསུང་རབ་མཐའ་དག་གི་དོན་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེན་པོ་རྗེ་བཙུན་འཇམ་པའི་དབྱངས་དང་མཚུངས་པར་བསྒོམ་མོ། ། འོད་ཟེར་ཉི་མ་འབུམ་གྱི་མདངས་ལྟ་བུ་བ་སྦུའི་བུ་ག་ཐམས་ཅད་ནས་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་མི་ཤེས་པ་མཐའ་དག་བཅོམ་ཏེ་འཇམ་དབྱངས་སུ་གྱུར་པར་བསམ། བཞི་པ་ནི་ཡང་སྔར་བཞིན་འོད་ཟེར་གྱིས་སངས་རྒྱས་སྲས་བཅས་ཀྱི་མཁྱེན་རབ་དང་། གསུང་རབ་ཀྱི་ཡི་གེ་རྣམས་གསེར་ཞུན་མའི་རྣམ་པར་སྤྱན་དྲངས་ནས་ཐིམ། ཡང་དབྱངས་གསལ་གྱི་ཡི་གེའི་ཚིགས་ཀྱང་སྤྱན་དྲངས་ཐིམ་པ་དང་། ཐུགས་ཀའི་དྷཱིཿཡིག་སྔགས་འཁོར་དང་བཅས་པ་ལས་དབྱངས་གསལ་ཕྱིར་སྤྲོས་ཏེ་སྔར་ལྟར་གཞན་དོན་བྱེད་ཅིང་། རང་གཞན་གྱི་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱིས་གང་། གསུང་རབ་ཀྱི་ཆིག་དོན་ཕྲ་ཞིང་ཕྲ་བ་རྣམས་ཀྱང་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་གསལ་བ་ཐོབ་པར་བསམ་མོ། །ལྔ་པ་ནི། འོད་ཟེར་སྔར་བཞིན་འཕྲོས་པས། སངས་རྒྱས་བྱང་སེམས་ཀྱི་མཁྱེན་རབ་དྷཱིཿ་ཡིག་དང་འབྲུ་གསུམ་དབྱངས་ཡིག་གསེར་མདོག་གི་རྣམ་པར་སྤྱན་དྲངས་ནས་ལུས་འོད་ཀྱིས་གང་། གསུང་རབ་ཀྱི་དོན་གང་ལའང་བལྟས་པ་ཙམ་གྱིས་རིགས་པ་བརྒྱ་ཕྲག་འཇུག་པའི་ཤེས་རབ་ཐོབ་པར་བསམ་མོ། ། དྲུག་པ་ལ་གསུམ་ལས། འཆད་ན་རང་ལྷར་གསལ་བའི་སྙིང་སྣ་ཚོགས་རྡོ་རྗེ་རྩེ་ལྔ་པར་གྱུར་པའི་ལྟེ་བའི་ནང་དུ་ཟླ་གདན་ལ་རང་སེམས་དྷཱིཿདམར་སེར་ལས་འོད་ཟེར་འཕྲོས།སངས་རྒྱས་བྱང་སེམས་ཀྱི་མཁྱེན་རབ་དང་ཡོན་ཏོན་ཐམས་ཅད་གང་འཆད་རྒྱུའི་གླེགས་བམ་དང་འོད་ཟེར་སྣ་ལྔའི་རྣམ་པར་བཀུག་ནས་དྷཱིཿལ་ཐིམ། དྷཱིཿལས་འོད་ཟེར་འཕྲོས། རང་དང་འཆད་ཡུལ་གྱི་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག་ཅིང་འཆད་པའི་ཤེས་རབ་ཕུན་སུམ་ཚོགས་པ་རྒྱས། འོད་ཟེར་གྱི་རྡུལ་ཕྲ་རབ་ཐམས་ཅད་སྣ་ཚོགས་རྡོ་རྗེར་གྱུར་པས་ལུས་ཀྱི་ནང་ཐམས་ཅད་གང་བས། ཚིག་དོན་རྣམས་མི་བརྗེད་པའི་ནུས་པ་ཐོབ་པར་བསམ། རྩོད་ན་རང་ཡི་དམ་དུ་གསལ་བའི་སྙིང་ག་དང་། ལྕེ་རལ་གྲིའི་འཁོར་ལོ་རྩིབས་དྲུག་པར་བསྒོམ་པ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་ཡོན་ཏན་རྣམས་རལ་གྲི་དང་རལ་གྲིའི་འཁོར་ལོའི་རྣམ་པར་བཀུག་ནས་ཡང་ཡང་བསྟིམ་པ་དང་། རལ་གྲིའི་འཁོར་ལོ་མྱུར་དུ་འཁོར་བས་ཕྱིར་རྒོལ་གྱི་ལོག་རྟོག་རྣམས་གཅོད་པར་བསམ་མོ། །ཡང་ན་ལྕེ་རལ་གྲི་རྐྱང་པར་བསྒོམ་སྟེ། འོད་ཟེར་སྤྲོ་བསྡུ་སོགས་སྔར་ལྟར་བྱ། རྩོམ་ན་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། མཁྱེན་རབ་རྣམས་གང་རྩོམ་རྒྱུའི་གསུང་རབ་ཀྱི་ཡིག་འབྲུའི་རྣམ་པར་སྤྱན་དྲངས་ནས་ཐིམ། དྷཱིཿལས་དེ་དག་ཕར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་གྱི་དྲི་མ་དག་པར་བསམ་མོ། ། དེ་དག་གི་སྐབས་སུ་འཁོར་ལོ་ཤུགས་དྲག་ཏུ་འཁོར་བ་མི་མངོན་པ་ལྟ་བུར་བསམ་ན་སྙིང་རླུང་སོགས་མི་འབྱུང་ལ། འཁོར་ལོ་འཁོར་བ་ལ་དམིག་པ་མི་གསལ་ན་ཡིག་འབྲུ་གདན་བཅས་འཁོར་ལོ་ལ་རེག་པར་བསམ་ཏེ་མ་བསྐོར་ཀྱང་ཆོག་ཅིང་། ཡིག་འབྲུ་དང་སྔགས་འཁོར་རེ་མོས་སུ་འཁོར་བར་བྱས་ཀྱང་ཆོག་གོ། རྩི་བས་རྣམས་རྩེ་མོ་རྣོ་ཞིང་མེ་འོད་འབར་བར་བསྒོམ་པས་ཤེས་རབ་དང་སྤོབས་པ་མྱུར་བར་འགྱུར་བ་དང་། བདུད་རྩིའི་རྒྱུན་ཁམས་ཚ་གྲང་རླུང་ཤས་ཆེ་ཆུང་སོ་སོའི་ཁ་དོག་ཚ་བསིལ་གྱི་ཁྱད་པར་རྣམས་བྱ་དགོས་སོ། ། ཡང་རྣམ་པ་གཅིག་ཏུ་ན། འཁོར་ལོའི་ལྟེ་བར་དྷཱིཿདང་། རྩི་བས་དྲུག་ལ་དྷཱིཿདྲུག་བཀོད་དེ། དྷཱིཿརྐྱང་གི་བཟླས་པ་བྱས་ཀྱང་ཆོག་ལ། རྗེ་བཙུན་གྱི་གསུང་དཔའ་གཅིག་གི་མངོན་རྟོགས་དང་འཁོར་ལོའི་རྩ་ཚིག་ཏུ་གཉིས་ཀ་གསུངས་པས་གང་བྱས་ཀྱང་ཆོག་མེད། འོང་ཀྱང་ཐོག་མར་འབྲུ་དྲུག་བཀོད་དེ་བཟླ་བ་དང་། ཐུན་འཇོག་ཁར་དམིགས་པ་དང་བཅས་པ་དྷཱིཿརྐྱང་བགྲང་བར་བླ་མའི་མན་ངག་ལས་འབྱུང་ཞིང་རྗེ་བཙུན་གྱི་དགོངས་པའང་ཡིན་པར་སེམས་སོ། ། གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་ལྟར་ལེགས་པར་སྒྲུབ་བས་ཕྱི་ནང་གི་རྟགས་རྣམས་ལེགས་པར་བྱུང་བའམ། གྲངས་ཀྱི་བསྙེན་པ་འབུམ་ཕྲག་བདུན་སོགས་རྫོགས་པ་ན་མཚམས་དབྱེར་བར་བྱ་ཞིང་། ཤེས་རབ་ཕུན་སུམ་ཚོགས་པའི་དགའ་སྟོན་གྱིས་སྲིད་ཞིའི་ཡོན་ཏན་ཐམས་ཅད་མགྲོན་དུ་འགུགས་པའི་སྐལ་པ་བཟང་པོ་ལ་རང་གཞན་ཐམས་ཅད་ལོངས་སྤྱོད་པར་བྱའོ། ། སྨྲས་པ། བློ་ལྡན་ཟླ་བ་གཞོན་ནུ་ཡིས། ། བསྐུལ་ཚིག་འོད་དཀར་གྱིས་བྲན་པས། །བདག་བློ་ཀུན་ད་ཉེར་འཛུམ་སྟེ། །སྒྲུབ་ཐབས་ཟེའུ་འབྲུའི་འཕྲེང་བ་ངོམས། །བཟླས་བརྗོད་བུད་བའི་འཕུར་ལྡིང་ཅན། །ཟབ་མོའི་རྣལ་འབྱོར་མེ་ཏོག་ཕྲེང་། །རྣམ་དཔྱོད་ཟུར་ཕུད་མཛེས་རྒྱན་དུ། །འགོད་པའི་དགའ་སྟོན་དེང་སྤྱོད་ཅིག །ལྷག་བསམ་སྤྲིན་གྱི་བ་གམ་རྩེར། །བསོད་ནམས་དབྱར་རྔ་རྒོད་པ་ཡིས། །ས་གསུམ་ལུས་ཅན་རྨ་བྱའི་ཚོགས། །བདེ་སྐྱིད་གར་གྱིས་རོལ་པར་ཤོག །

ཅེས་འཇམ་དབྱངས་དམར་སེར་གྱི་བསྙེན་སྒྲུབ་བྱ་ཚུལ་བློ་གྲོས་ཀུནྡ་བཞད་པའི་དགའ་སྟོན་ཞེས་བྱ་བ་འདི་ནི་ཡིད་བཅུགས་ཀྱི་གཞོན་ནུ་བློ་དང་ལྡན་པ་ཞབས་དྲུང་དོན་གྲུབ་དར་རྒྱས་ཀྱིས་ནན་ཏན་དུ་བསྐུལ་བ་ལ་བརྟེན་ནས་བཅུན་གཟུགས་བློ་བཟང་ཆོས་ཀྱི་ཉི་མས་བྱ་བྱེད་མང་པོས་བྲེལ་གཡེངས་ཀྱི་གསུབ་པར་རྣམས་སུ་ཐོལ་བྱུང་དུ་བྲིས་པའོ།།

[pdf]
[epub]
[mobi]
[print]