༄༅། །བྱང་ཆུབ་འོད་ཀྱི་ཞལ་གདམས།
༄༅།། ན་མོ་གུ་རུ།
ལར་ཁམས་འདུས་ཀྱི་དྲོད་རྟགས་ཕྲ་མོ་ཡིས།།
སྒོམ་ཆེན་ང་རྒྱལ་སྐྱེ་ལས་ཆེ།།
ཉམས་མྱོང་གི་རོ་ལ་ཞེན་པ་ཡིས།།
སྒོམ་ཆེན་འཁོར་བར་འཆིང་ལས་ཆེ།།
སྒོམ་བཟང་གི་གྲགས་སྙན་འདོད་པ་ཡིས།།
སྒོམ་འདོད་བདུད་ཀྱིས་འཁྱེར་ལས་ཆེ།།
ཉོན་མོངས་ཀྱི་སྤྲིན་དང་མ་བྲལ་ན།།
འོད་གསལ་གྱི་ནམ་མཁའ་དག་པ་བརྫུན།།
བདག་གཅེས་ཀྱི་མུན་པ་མ་སངས་ན།།
བདག་མེད་ཀྱི་ཉི་ཤར་བརྫུན་དུ་འགྲོ །
རང་བདེ་འདོད་པའི་སྒོམ་ཆེན་དེ།།
རང་སེམས་བདུད་དུ་ཤོར་ལས་ཆེ།།
སྲོག་ཆུ་བུར་ལྟ་བུར་མ་ཤེས་ཤིང་།།
གྲགས་སྙན་གྱི་འདོད་པ་མ་སྤོང་ན།།
ཐོས་བསམ་སྒོམ་གསུམ་གྱི་བརྩོན་འགྲུས་ཀྱང་།།
ལམ་གྱི་གཟུགས་བརྙན་དུ་འགྲོ་ལས་ཆེ།།
རང་སེམས་སྐྱེ་མེད་ཀྱི་དོན་རྟོགས་ཤིང་།།
ཏིང་འཛིན་རི་ལྟར་བརྟན་གྱུར་ཀྱང་།།
ཐབས་བྱང་ཆུབ་སེམས་ཀྱིས་མ་ཟིན་ན།།
ཐེག་ཆེན་རྒྱབ་ཏུ་སྐྱུར་ལས་ཆེ།།
རྨི་ལམ་སྒྱུ་མར་མ་ཤེས་ཤིང་།།
བདག་གཅེས་ཀྱི་འཁྲི་པ་མ་ཆོད་ནས།།
ལུས་ངག་དགེ་སྦྱོར་ལ་འབད་གྱུར་ཀྱང་།།
འཁོར་བའི་ཉིང་སིངས་སུ་འགྲོ་ལས་ཆེ།།
ཐེག་ཆེན་གྱི་བདུད་ལ་རྣམ་གཉིས་ཏེ།།
ཐབས་དང་བྲལ་བའི་ཤེས་རབ་དང་།།
ཤེས་རབ་བྲལ་བའ་ཐབས་ཡིན་ཞེས།།
ཉི་མའི་གཉེན་གྱིས་དེ་སྐད་གསུངས།།
ལར་སྣང་མེད་ཀྱི་སྟོང་རྐྱང་ཆད་པའི་མཐའ།།
དེ་གནས་ལུགས་སུ་ལྟ་བ་འཁྲུལ་པའི་ཡིད།།
བདེན་པར་འཛིན་པ་དེ་བསྐུར་འདེབས་ཀྱི་བློ།།
དེ་སྒོམ་པར་བྱེད་པ་ངན་འགྲོའི་ལམ།།
སྟོང་མེད་ཀྱི་སྣང་རྐྱང་རྟག་པའི་པའི་མཐའ།།
དེ་གནས་ལུགས་སུ་ལྟ་བ་གཏི་མུག་གི་ཡིད།།
བདེན་པར་འཛིན་པ་དེ་སྒྲོ་འདོགས་ཀྱི་བློ།།
དེ་གོམས་པར་བྱེད་པ་འཁོར་བའི་གཞི།།
སྣང་སྟོང་དབྱེར་མེད་དེ་ཤེས་བྱའི་གཤིས།།
དེ་གནས་ལུགས་སུ་ཤེས་ན་མཐའ་བྲལ་གྱི་བློ།།
དེ་གོམས་པར་བྱེད་པ་ཟུང་འཇུག་གི་ལམ།།
དེ་དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཡིན།།
ལར་རྩེ་གཅིག་སྡོད་པའི་ཞི་གནས་དེ།།
གཏི་མུག་གི་ཁ་ནོན་མི་བགྱིད་འཚལ།།
འཛིན་མེད་རང་གསལ་གྱི་སྒོམ་པ་དེ།།
བློ་ཁ་འཚོམས་ཀྱི་དགྲ་ལ་མི་བསྐུར་འཚལ།།
མ་བཅོས་གཉུག་མའི་ཡེ་ཤེས་དེ།།
ཁམས་འདུས་ཀྱི་ཉམས་ལ་མི་བགྱིད་འཚལ།།
ཆོས་རྗེ་བྱང་ཆུབ་འོད་ཀྱི་ཞལ་གདམས་འགྲོ་བའི་སྙིང་ལ་གནས་པར་ཤོག།། བདག་གཅེས་འཛིན་དགྲ་ཡིན།། གཞན་གཅེས་འཛིན་གཉེན་ཡིན།། སྣང་བ་བརྫུན་ཡིན།། སེམས་ཉིད་ནམ་མཁའ་ཡིན།། ཞེས་དང་བདག་འཛིན་སྡུག་བསྔལ་གྱི་རྩ་བ་ཡིན་པས་རྩད་ནས་བཅད་ན་ལེགས། དམ་ཆོས་བྱང་ཆུབ་ཀྱི་ལམ་ཡིན་པས་ཉམས་སུ་བླངས་ན་ལེགས།། སྣང་བ་བརྫུན་གྱི་རང་བཞིན་ལ་བདེན་པར་མ་བཟུང་ན་ལེགས།། རང་སེམས་སངས་རྒྱས་ཀྱི་དགོངས་པ་ཡིན་པས་དང་དུ་གཉེར་ན་ལེགས།། ཞེས་པ་བླ་མ་ཆེན་པོ་བྱང་ཆུབ་འོད་ཀྱི་གསུང་དྲི་མེད་པའོ།།
ཅེས་བྱང་ཆུབ་འོད་ཀྱི་ཞལ་གདམས་རྫོགས་སོ།