An Aspirational Prayer of Thought Transformation – Tibetan

༄༅། །བློ་སྦྱོང་སྨོན་ལམ་བཞུགས་སོ།།
དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས།

ན་མོ་གུ་རུ་བཛྲ་དྷ་རཱ་ཡ།

ཐུགས་རྗེའི་བདག་ཉིད་རྩ་བརྒྱུད་བླ་མ་དང་།།
ཡི་དམ་མཆོག་གསུམ་བཀའ་སྡོད་བཅས་ལ་འདུད།།
བདག་པས་གཞན་གཅེས་སེམས་མཆོག་རིན་པོ་ཆེ།།
མྱུར་དུ་རྒྱུད་ལ་སྐྱེས་བར་བྱིན་གྱིས་རློབས།།

སྔོན་བསགས་སྟོབས་ཀྱིས་དལ་བའི་རྟེན་ཐོབ་ཀྱང་།།
སྔོན་ཆད་འདི་ནང་བྱ་བས་གཡེངས་ཤིང་འདས།།
ད་ནི་གཏན་གྱི་མདུན་མ་བསྒྲུབ་པའི་ཕྱིར།།
ཚེ་ལྷག་དོན་ལྡན་ནུས་པར་བྱིན་གྱིས་རློབས།།

སྟོན་པ་མཉམ་མེད་དེ་ཡི་བསྟན་པ་ལ།།
ཞུགས་ཀྱང་ཉེས་ལྟུང་དྲི་མས་སེམས་རྒྱུད་སྦགས།།
ཕྱིན་ཆད་ངེས་འབྱུང་སེམས་ཀྱིས་རྒྱུད་བསྐུལ་ཏེ།།
ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་པར་ཤོག།།

ཟབ་རྒྱས་ཐེག་ཆེན་ཆོས་ཚུལ་མང་ཐོས་ཀྱང་།།
དུད་འགྲོ་ལྟ་བུར་རང་དོན་སྤྱོད་པས་འདས།།
ཁྲེལ་མེད་བདག་ལ་བླ་མས་ཐུགས་རྗེས་གཟིགས།།
བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས།།

སྔོན་བྱོན་རྒྱལ་བ་ཀུན་གྱིས་གཤེགས་པའི་ཤུལ།།
རྒྱལ་སྲས་དམ་པ་ཀུན་གྱི་ཐུགས་དམ་མཐིལ།།
བྱམས་དང་སྙིང་རྗེ་བྱང་སེམས་རིན་པོ་ཆེ།།
མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།

སྔོན་ཚེ་ཐུབ་པས་ཇི་ལྟར་མཛད་པ་ལྟར།།
འགྲོ་བའི་སྡིག་དང་སྡུག་བསྔལ་མ་ལུས་པ།།
བདག་ཉིད་གཅིག་པུས་མྱོང་བར་སྤྲོ་བྱེད་ཅིང་།།
བདེ་དགེ་མ་ལུས་འགྲོ་ལ་གཏོང་བར་ཤོག།།

སྔོན་ཚེ་མཛའ་བོའི་བུ་མོར་འཁྲུངས་པའི་ཚེ།།
འགྲོ་ཀུན་སྡུག་བསྔལ་རྒྱུད་སྟེང་བཞེས་པ་བཞིན།།
སེམས་ཅན་ཀུན་གྱི་སྡུག་བསྔལ་མ་ལུས་པ།།
གཅེས་འཛིན་བདག་གི་སྟེང་དུ་སྨིན་གྱུར་ཅིག།།

དམྱལ་བའི་གྱད་དུ་འཁྲུངས་ཚེ་འགྲོ་ཀུན་གྱི།།
ངན་སོང་སྐྱེ་སྒོ་གཅོད་པའི་ཐུགས་བསྐྱེད་ལྟར།།
འགྲོ་བའི་སྡིག་དང་སྡུག་བསྔལ་མ་ལུས་པ།།
བདག་ལ་སྨིན་ནས་ངན་སོང་སྟོངས་གྱུར་ཅིག།།

དྲང་སྲོང་བཟོད་བ་སྨྲ་བའི་རྣམ་ཐར་ལྟར།།
བདག་ལ་མི་སྙན་བརྗོད་ཅིང་མཚོན་འདེབས་ཀྱང་།།
བུ་སྡུག་ཤི་བའི་མ་བཞིན་ལྷག་པར་དུ།།
དེ་ལ་བརྩེ་བས་ཕན་འདོགས་ནུས་པར་ཤོག།།

བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་སྤུན་ལྔ་ལ།།
ཇི་ལྟར་མཛད་པ་དེ་བཞིན་བདག་གིས་ཀྱང་།།
སྡིག་ཅན་མ་ལུས་གནས་སྐབས་མཐར་ཐུག་ཏུ།།
ཕན་དང་བདེ་བའི་ལམ་ལ་འགོད་པར་ཤོག།།

བྱང་སེམས་ཟླ་བས་སྡིག་ཅན་སྲིན་པོའི་ཚོགས།།
དམ་པའི་ཆོས་ཀྱིས་འདུལ་བར་མཛད་པ་བཞིན།།
བླུན་རྨོངས་སྡིག་ཅན་འགྲོ་བ་མ་ལུས་པ།།
བདག་ཉིད་གཅིག་པུས་འདུལ་བར་ནུས་གྱུར་ཅིག།།

རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ལུས་ཀྱི་ཤས།།
གྲངས་མེད་འགྲོ་བ་ཚིམས་པར་མཛད་པ་ལྟར།།
བདག་གི་ལུས་ཀྱང་རྣམ་པ་ཐམས་ཅད་དུ།།
འགྲོ་བ་ཀུན་གྱི་ཉེར་འཚོར་འགྱུར་བར་ཤོག།།

སེམས་དཔའ་ཆེན་པོ་རུས་སྦལ་གཙོ་བོ་རུ།།
གྱུར་ཚེ་ཚོང་པ་མཚོ་ལས་བསྒྲལ་བ་ལྟར།།
འགྲོ་བ་མ་ལུས་འཁོར་བའི་མཚོ་ཆེན་ལས།།
སྒྲོལ་བའི་ཟམ་སྟེགས་ཉིད་དུ་བདག་འགྱུར་ཤོག།།

རི་བོང་གཙོ་བོར་འཁྲུངས་ཚེ་ཐབས་མཁས་ཀྱིས།།
གྲངས་མེད་འགྲོ་བ་སྨིན་པར་མཛད་པ་ལྟར།།
བདག་ཉིད་མཐོང་ཐོས་དྲན་རེག་མ་ལུས་པ།།
ཐམས་ཅད་སྨིན་གྲོལ་ལམ་ལ་འགོད་གྱུར་ཅིག།།

མགོན་མེད་སྙིགས་དུས་འགྲོ་རྣམས་བསྒྲལ་བའི་ཕྱིར།།
རྒྱ་མཚོའི་རྡུལ་གྱིས་སྨོན་ལམ་ལྔ་བརྒྱ་དག།།
ཇི་ལྟར་མཛད་པ་དེ་བཞིན་བདག་གིས་ཀྱང་
སྨོན་ལམ་མ་ལུས་ཡོངས་སུ་རྫོགས་པར་ཤོག།།

བདེ་བ་ཅན་གྱི་ཞིང་མཆོག་འགྲུབ་པའི་ཕྱིར།།
འཁོར་ལོས་སྒྱུར་རྒྱལ་རྩིབས་ཀྱི་མུ་ཁྱུད་ཀྱིས།།
རྫོགས་སྨིན་སྦྱངས་གསུམ་སྤྱོད་པ་ཅི་མཛད་པ།།
དེ་བཞིན་བདག་གི་སྤྱོད་པའང་རྫོགས་པར་ཤོག།།

མི་ཕམ་མགོན་དང་འཇམ་དཔལ་དཔའ་བོ་དང་།།
ཀུན་ཏུ་བཟང་དང་ནམ་མཁའི་སྙིང་པོ་སོགས།།
མཐུ་ཆེན་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་ཡི།།
རྗེས་སུ་བདག་ཀྱང་སློབ་པ་ཉིད་གྱུར་ཅིག།།

བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་ཀྱི།།
ཐུགས་རྗེ་ནུས་པ་དཔག་ཏུ་མེད་པ་དང་།།
རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པའི་མཐུས།།
བདག་གི་སྨོན་པའི་གནས་འདི་འགྲུབ་གྱུར་ཅིག།།

       ཅེས་བྱ་བ་འདི་ནི་སྒྲུབ་པ་སྙིང་པོར་མཛད་པ་མང་པོ་ལ་ཕན་དུ་རེ་བ་དང་། རང་ཉིད་ཀྱང་ཁ་ཏོན་བྱ་ཕྱིར་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་ལྷ་རྩེ་འོག་མིན་གླིང་དུ་སྦྱར་བའོ།། །།

[pdf]
[epub]
[mobi]
[print]