The Array of Sukhavati Pure Land: A Concise Mahayana Sūtra – Tibetan

༄༅། ། བདེ་ཆེན་ཞིང་བཀོད་ཀྱི་མདོ་བསྡུས་པ་ཐེག་པ་ཆེན་པོ་ཞེས་བྱ་བ་བཞུགས་སོ།།

༄༅།།ཧྲཱིཿ སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
འཕགས་པ་མིན་པ་མི་བཞུགས་ཏེ།།
རྒྱུད་དྲུག་འཁོར་བའི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
འཕགས་པའི་ཤེས་རབ་འོད་འཕྲོས་པས།།
ཉིན་མོ་མཚན་མོའི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
རིན་ཆེན་སྣ་ཚོགས་རབ་བརྒྱན་པས།།
ས་དང་རྡོ་ཡི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
རྣམ་སྣང་སྤོས་ཀྱི་ངད་ལྡན་པས།།
འཇིག་རྟེན་རླུང་གི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
བྱང་ཆུབ་ཤིང་གིས་རབ་བརྒྱན་པས།།
རྩི་ཤིང་ནགས་ཚལ་གྱི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
ཏིང་ངེ་འཛིན་གྱི་ཟས་ཟ་བས།།
འཇིག་རྟེན་ཟས་ཀྱི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
ཐམས་ཅད་མཉམ་ཉིད་གནས་པ་ན།།
ངན་འགྲོ་གཡང་སའི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
ཆོས་ཀྱི་རྒྱལ་པོ་ཉིད་བཞུགས་པས།།
རྒྱལ་པོ་བློན་པོའི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
བདུད་རྩི་བརྒྱད་ལྡན་གྱི་ཆུ་འབེབས་པས།།
འཇིག་རྟེན་ཆུ་ཡི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
ཡེ་ཤེས་གསལ་བའི་མེ་འབར་བས།།
འཇིག་རྟེན་མེ་ཡི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
པཉྩ་ལེགས་ལྡན་གྱི་གོས་གྱོན་པས།།
འཇིག་རྟེན་གོས་ཀྱི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན།།
སྐྱེ་བ་ཐམས་ཅད་བརྫུས་ཏེ་སྐྱེ།།
སྐྱེ་བ་གནས་པའི་མིང་ཡང་མེད།།
སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །

ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཞལ་ནས་གསུངས་པའི་བདེ་ཆེན་ཞིང་བཀོད་ཐེག་པ་ཆེན་པོ་ཞེས་བྱ་བ་འདི་ནི་གསེར་གྱིས་གིས་ན་བསྐལ་པ་འབུམ་འགྱུར་དུ་བདེ་བ་ཅན་དུ་སྐྱེ་ངེས་སོ།། གསེར་དངུལ་གཉིས་ཀྱིས་བྲིས་ན་བསྐལ་པ་ཁྲི་འགྱུར་དུ་མདེ་བ་ཅན་དུ་སྐྱེ་ངེས་སོ།། དངུལ་གྱིས་བྲིས་ན་བསྐལ་པ་སྟོང་འགྱུར་དུ་བདེ་བ་ཅན་དུ་སྐྱེ་ངེས་སོ། མཚལ་གྱིས་བྲིས་ན་བསྐལ་པ་བརྒྱ་འགྱུར་དུ་བདེ་བ་ཅན་དུ་སྐྱེ་ངེས་སོ།། སྣག་ཚས་བྲིས་ན་བསྐལ་པ་བཅུ་འགྱུར་དུ་བདེ་བ་ཅན་དུ་སྐྱེ་ངེས་སོ།། ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ཞིང་དུ་སྐྱེ་ངེས་སོ།།

འདི་ནི་དོན་དམ་པའི་སྙིང་པོའོ།།འདི་ནི་ཆོས་ཀྱི་ཉིད་ཁུ་ཡིན། འདི་ནི་སྡིག་བཤགས་ཀུན་གྱི་རྒྱལ་པོ་ཡིན། མི་བརྒྱ་རྟ་བརྒྱ་སྤྲུལ་བརྒྱ་ཁྱི་བརྒྱ་ནག་མོ་བརྒྱ་གླང་བརྒྱ་ཉ་བརྒྱ་ཕག་བརྒྱ་བེའུ་བརྒྱ་ལུག་བརྒྱ་འབུ་སྲོག་ཆགས་བསད་པ་དང་། མནའ་ཟོས་པ་དང་། དུག་བཏབ་པ་དང་། སེར་སྣ་གཡོ་སྒྱུ་བྱས་པ་དང་། ཤ་ཁྱིའི་བདག་པོས་རི་དྭགས་བསད་པ་དང་། ཁས་བླངས་དམ་ཚིག་ཉམས་ནས་འདོད་ལོག་བྱས་པ་དང་། བླ་མ་དང་མཁན་པོ་སློབ་དཔོན་བསད་པ་དང་། མི་དགེ་བ་བཅུ་གང་བྱས་ཀྱང་། འདི་བྲིས་ཤིང་འདོན་ན་བྱང་ངེས་སོ།།

སྡིག་ཆེན་གང་གིས་ཀྱང་འདི་འབྲི་ཀློག་འདོན་གསུམ་ཀུན་ཆུབ་པར་གྱིས་ཤིག དད་པ་དང་མོས་གུས་གྱིས་ཤིག ཀུན་ལ་སྤེལ་ཅིག སྡིག་ཆེན་གང་གིས་ཀྱང་ཀློག་འདོན་ཚར་གསུམ་བྱས་ན་བདེ་བ་ཅན་གྱི་ཞིང་དེར་སྐྱེས་ནས་སངས་རྒྱས་པར་ཐེ་ཚོམ་མེད་དོ།། ན་ར་ཀ་ན་ཡིད་གཉིས་ཐེ་ཚོམ་མ་ཟ་ཅིག ཨེ་བདེན་མ་བསམ།

རང་ཤི་ནས་བསྲེག་པའི་ཉིན་པར་འདིའི་ཆོ་ག་རབ་བླ་མ། འབྲིང་དགེ་བཤེས་ཐ་མ་མཆོད་གནས་ཀྱིས་བྱིན་ལ་རྣོ་ཚོག་མཛོད། དེ་མ་འཛོམ་ན་ཡི་གེ་ཤེས་མི་ཞིག་ལ་ཚར་གསུམ་འདོན་དུ་བཅུག་ནས་རོ་ཡི་མགོ་ཐོག་ཏུ་ཐེངས་གསུམ་གཡུག་ན་སངས་རྒྱས་པར་ཐེ་ཚོམ་མེད་དོ།།

འདི་བསྐལ་པ་ལ་བསྔོས་པའི་སྨོན་ལམ་གྱིས་རྒྱས་ཐེབས་པའི་ཆོས་སྤྱོད་པ་རྣམས་ནི་བསོད་ནམས་ཆེ་བ་ཡིན་ནོ། འདི་འབྲི་བ་དང་། འདོན་པ་དང་། འཆང་བ་དང་། སྤེལ་བ་རྣམས་ཀྱིས་འབྲི་ཀློག་ལན་གསུམ་བྱས་ན། ན་ཚ་ཤི་ཆད་མི་འོང་། བསམ་པ་འགྲུབ་ཅིང་བཀྲ་ཤིས་པ་དང་ལྡན་པ་ལས་འཕྲོ་ཅན་དང་འཕྲད་པར་ཤོག

ཆོས་སྐུ་འོད་དཔག་མེད་ཀྱིས་གསུངས་པ་བདེ་ཆེན་ཞིང་བཀོད་མཚན་རྒྱས་པ་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཀྱི་ལེའུ་སྟོང་ཕྲག་བརྒྱ་པ་ལས་ཆོས་སྐུ་འོད་དཔག་མེད་ཀྱི་ལེའུ་ཞེས་བྱ་བ་སྟེ་ལྔ་པའོ།།

[pdf]
[epub]
[mobi]
[print]