༄༅། །ཕུགས་ནོར་བཅུའི་འབྲུ་འགྲེལ་མེ་ཏོག་ཕྲེང་མཛེས་ཞེས་བྱ་བ་བཞུགས།།
རིག་འཛིན་གར་གྱི་དབང་ཕྱུག་གིས།
༄༅།།སྐྱབས་ཀུན་འདུས་ཞལ་བླ་མ་དེ་སངས་རྒྱས།།
ཁྱེད་དང་མི་གཉིས་ཨོ་རྒྱན་སྨན་གྱི་བླ།།
བདག་སྙིང་ནོར་བུའི་ཁང་བཟང་རྟག་བཞུགས་ནས།།
ཐུགས་རྗེའི་འོད་ཀྱིས་རྨོངས་པའི་མུན་པ་སོལ།།
ཚེ་འདི་བློས་བཏང་ཕྱི་མ་དོན་གཉེར་བའི།།
ལྷ་ཆོས་ཚུལ་བཞིན་བྱ་འདོད་སྐལ་ལྡན་གང་།།
གཏན་གྱི་འདུན་མ་ཕུགས་ཀྱི་ནོར་མཆོག་འདི།།
ཁྱོད་ལ་དགའ་སྟོན་སྦྱིན་གྱིས་དང་དུ་ལོངས།།
དེ་ལ་སྟོན་པ་སངས་རྒྱས་ཀྱི་བཀའི་ཉིང་ཁུ་བཀའ་གདམས་གོང་མ་རྣམས་ཀྱི་ཐུགས་བཅུད་བྱ་བྲལ་དགེ་བཤེས་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་གདམས་པ་ཕུགས་ནོར་བཅུ་ཞེས་བྱ་བ་འདི་ཉིད་འཆད་པ་ལ། དགེ་བ་གསུམ་ལས། ཐོག་མར་དགེ་བ་ལ། མཆོད་བརྗོད་དང་། གཞན་བསྐུལ་གཉིས་ལས།
དང་པོ་ནི། བླ་མ་ལ་ཕྱག་འཚལ་ལོ། །ཞེས་ཀུན་འདུས་ཡིད་བཞིན་ནོར་བུ་དྲིན་ཆེན་རྩ་བའི་བླ་མ་ཉིད་ཀྱི་བཀའ་དྲིན་ལ་བསམ་ཞིང་། སྒོ་གསུམ་གུས་པ་ཆེན་པོས་ཁྱེད་ལ་བསྟེན། ཁྱེད་ལ་འབུལ། ཁྱེད་ཀྱིས་མཁྱེན། ཁྱེད་ཉིད་བསྒྲུབ། ཁྱེད་མ་གཏོགས་རེ་ས་སྐྱབས་གནས་གཞན་དུ་མི་འཆའ་བའི་འདུན་པ་རྩེ་གཅིག་གིས་ཕྱག་འཚལ་ལོ།། ལྷ་ཆོས་རྣམ་དག་ལ་འཇུག་པའི་རེ་འབྲས་ཚུལ་ལྡན་དུ་སྨིན་པར་མཛད་དུ་གསོལ། །ཞེས་པའི་དོན་ཏོ།།
གཉིས་པ་ནི། བྱང་ཆུབ་ལམ་བཟང་སྒྲུབ་པའི་སྣོད་མཆོག་ཏུ། །རྒྱལ་བས་བསྔགས་པའི་དལ་འབྱོར་ཚང་བའི་རྟེན། །ཉིན་མཚན་ཆོས་ཀྱི་དོན་ལྡན་བྱ་འདོད་གང་། །ཕུགས་ནོར་འདི་རྣམས་སྙིང་གི་དཀྱིལ་དུ་ཆོངས། །ཞེས་པ་སྟེ།
མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོའི་ལམ་བཟང་ནོར་བ་མེད་པ་སྒྲུབ་པའི་རྟེན་ནམ་སྣོད་མཆོག་ཏུ་གྱུར་པའོ་ཞེས། རྒྱལ་བས་ཡང་ཡང་བསྔགས་བརྗོད་མཛད་པའི་གནས་དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་རྟེན་འདི་ཉིད་ལན་ཅིག་བརྙེས་པ་ཆུད་ཟོས་སུ་མི་གཏང་བར། ཉིན་མཚན་མེད་པར་ཚེ་གང་དམ་པའི་ཆོས་ཀྱི་སྙིང་པོ་ལེན་པས་མི་ལུས་དོན་ལྡན་བྱ་བར་འདོད་པའི་སྐལ་ལྡན་གང་དག །མཐར་ཐུག་ཕན་བདེ་ཡིད་བཞིན་དུ་འབྱུང་བའི་ཕུགས་ཀྱི་ནོར་མཆོག་སྲིད་ན་དཀོན་པ་བཅུ་པོ་འདི་རྣམས་ཕྲལ་སྣང་གིས་ཡལ་བར་མ་དོར་བར་སྙིང་གི་དཀྱིལ་དུ་གཅེས་པར་ཆོངས་ལ་ཉམས་སུ་ལོངས་ཤིག །ཅེས་སོ།།
གཉིས་པ་བར་དུ་དགེ་བ་ལ། རྣམ་གྲངས་བཅུ་པོ་སྡེ་ཚན་གསུམ་གྱིས་བསྟན་ཏེ། སྡེ་ཚན་དང་པོ་གཏན་པ་བཞི་ལས། བློ་ཕུགས་ཆོས་ལ་གཏད་པ་ནི། ངེས་པར་འཆི་ལ་ནམ་འཆི་ངེས་མེད་ཅིང་། །འཆི་ཚེ་དམ་པའི་ཆོས་ལས་འདི་སྣང་གི །ཕུན་ཚོགས་གང་ཡིན་ཕན་འདོགས་གཏན་མེད་སྙམ། །དེ་ལྟས་བློ་ཕུགས་ཆོས་ལ་གཏད་པར་མཛོད། །ཅེས་པས་བསྟན་ཏེ།
དེ་ལྟར་རྙེད་པར་དཀའ་བའི་དལ་རྟེན་ཁྱད་འཕགས་འདིའང་། སྤྲིན་གསེབ་ཀྱི་ཉི་མ་དང་། རླུང་གསེབ་ཀྱི་མར་མེ་ལྟར་རྟག་བརྟན་མེད་པས་ངེས་པར་འཆི་ལ། དེའང་དོ་ནུབ་བམ་ད་ལྟ་སོགས་ནམ་འཆི་ངེས་པ་མེད་ཅིང་། ཅིས་ཀྱང་འཆི་བའི་ཚེ་ན་ཕྱི་མ་འཁོར་བའི་སྡུག་བསྔལ་ལས་ཐར་བྱེད་ནི་དམ་པའི་ཆོས་དགེ་བ་ཁོ་ན་ཡིན་གྱི། དེ་ལས་གཞན་དུ་འཇིག་རྟེན་ཚེ་འདི་སྣང་གི་བདེ་སྐྱིད་སྙན་གསུམ་སོགས་ཕུན་སུམ་ཚོགས་པ་གང་དང་གང་ཡིན་ཀྱང་། དེས་མགོན་སྐྱབས་ཀྱི་ཕན་འདོགས་པའི་ཡུལ་གཏན་ནས་མེད་དོ་སྙམ་པས། རྒྱུ་མཚན་དེ་ལྟས་ད་ནི་འདི་སྣང་གི་ཞེན་པ་བཅད་ནས་བློ་སེམས་ཡ་ཕུགས་དམ་པ་ཆོས་ལ་རྩེ་གཅིག་ཏུ་གཏད་ནས་བསྒྲུབ་པར་མཛོད། ཅེས་པ་སྟེ།
ཀུན་མཁྱེན་ཆེན་པོས། ལུས་དང་ལོངས་སྤྱོད་མཛའ་བཤེས་གཉེན་འདུན་དང་། །ཚེ་འདིའི་སྣང་བ་མ་ལུས་ཀུན་བོར་ནས། །གཅིག་པུ་སུས་ཀྱང་མི་བསྟོངས་འགྲོ་བ་སོམས། །དེ་དུས་སྐྱབས་དང་དཔུང་གཉེན་ཚོལ་རེ་རན། །ད་ལྟའི་འདི་བཞིན་གཏན་དུ་མི་འོང་བས། །གནམ་ས་འདྲེ་ལྡོག་འཆི་བདག་འབྱུང་བའི་ཚེ། །བདག་གིས་ཅི་བྱ་དེ་དུས་སུ་ལ་རེ། །དེ་བས་ད་ལྟར་དམ་པའི་ཆོས་སྒྲུབས་ཤིང་། །ཅེས་གསུངས་སོ།།
ཆོས་ཕུགས་སྤྲང་ལ་གཏད་པ་ནི། ཆོས་ཀྱི་མཐུན་རྐྱེན་ཟས་གོས་ཕོངས་དོགས་ན། །སྒྲུབ་འདུན་ཆོས་ཀྱང་ལམ་བགྲོད་ཆེས་དཀའ་བས། །ནམ་དགོས་བསོད་སྙོམས་སློང་བས་འཚོའོ་སྙམ། །ཆོས་ཕུགས་སྤྲང་ལ་གཏད་པའི་ཞེ་དམ་མཛོད། །ཅེས་པས་བསྟན་ཏེ།
དེ་ལྟར་བློ་ཕུགས་འཆི་ཆོས་ལ་གཏད་ཀྱང་ཆོས་ཀྱི་མཐུན་རྐྱེན་སྒྲུབ་རྒྱགས་ཟས་གོས་ཡོ་བྱད་ཀྱིས་ཕོངས་པར་འགྱུར་དོགས་ནས་ལྟོ་ཕྱིར་བསམ་མནོ་གཏོང་ན། སྒྲུབ་འདུན་ཡོད་ཁུལ་གྱི་ཆོས་དེ་ཉིད་ཀྱང་འདི་སྣང་ཟ་ཆོས་འཐུང་ཆོས་སུ་ཤོར་བས་ཡང་དག་པའི་ལམ་བཟང་བགྲོད་པ་ནི་ཆེས་ཆེར་དཀའ་བས། དེ་ཕྱིར་འཚོ་བ་བྱ་ཚོལ་བྱེའུ་ཚོལ་ཟེར་བ་ལྟར་ནམ་དགོས་དུས་སུ་དམ་པ་གོང་མའི་མཛད་བཟང་མཐའ་གཉིས་སུ་མ་ལྷུང་བའི་བསོད་སྙོམས་སློང་ཆོག་པས། ཆོས་པ་མུ་གེས་ཤི་བ་མི་སྲིད་པའི་ཕྱིར་འཚོའོ་སྙམ་པས། ཆོས་ཀྱི་མཐར་མཐུན་རྐྱེན་དགོས་དགུ་ཨེ་འཛོམ་གྱི་རེ་འདུན་སྤངས་ལ། ཆོས་ཀྱི་ཕུགས་དབུལ་སྤྲང་ལ་གཏད་ཐུབ་པའི་ཞེ་བཅད་དམ་བཅའ་དྲག་པོ་མཛོད་ཅིག །ཅེས་པ་སྟེ།
རྗེ་དྭགས་པོ་རིན་པོ་ཆེས། ལྟོ་རྒྱབ་ཤུགས་ལས་འབྱུང་ཡང་སེམས་ཚོལ་ཁྲོལ་ལ་ཞུགས་པ་ནི་ཆོས་པའི་མཚང་གསུངས་པ་དང་། རྗེ་ཁ་རག་པ་ཆེན་པོས། ལག་སྟོང་སྒྲེན་པོར་འགྲོ་རྩ་ན། །དབུལ་ཡང་ལྷག་མ་བསྡུས་པ་ལ། སྡིག་སྤོང་ལོངས་སྤྱོད་མ་གསོག་པར། །བློ་ཕུགས་སྤྲང་ལ་གཏོད་ཅིག་ཨང་། །ཞེས་གསུངས་སོ།
སྤྲང་ཕུགས་ཤི་ལ་གཏད་པ་ནི། །གཞན་སྤྲང་ཁོ་ནས་མི་ཚེ་ཕྱིད་དཀའ་བས། །ཀ་ཅའི་གསོག་རུམ་ཉུང་ཞིག་དགོས་སྙམ་ན། །ཆོས་ཕྱིར་འཁྱགས་སམ་ལྟོགས་གྲིར་འཆི་བཟོད་པའི། །སྤྲང་ཕུགས་ཤི་ལ་གཏོད་པའི་ཞེ་དམ་མཛོད། །ཅེས་པས་བསྟན་ཏེ།
དེ་ལྟ་ནའང་རང་ལ་ཅུང་ཟད་མེད་པར་གཞན་ལ་སློང་བའི་སྤྲང་པོ་ཁོ་ནས་མི་ཚེ་ཕྱིད་དེ་འཛད་དཀའ་བའམ་མི་ཚེ་མཐར་ཕྱིན་དཀའ་བས་ན། དམ་ཆོས་སྒྲུབ་པའི་ཆ་རྐྱེན་རྒྱས་པ་མིན་ནའང་ཀ་ཅ་ཡོ་བྱད་ཀྱི་གསོག་རུམ་ཉུང་ངུ་ཞིག་བྱ་དགོས་སོ་སྙམ་ན། དེའང་ཆོས་ཡང་དག་དང་འགལ་བས། ཚུལ་བཞིན་ཆོས་ལམ་ལ་ཞུགས་པའི་ཕྱིར་མཐའ་ལ་དཀའམ། འཁྱགས་སམ། བཀྲེས་པས་ལྟོགས་གྲིར་འཆི་ནའང་འཆི་བར་བཟོད་པའི་སྡུག་སྲན་བསྐྱེད་དེ། མི་ཚེ་དབུལ་པོས་འདའ་བས་སྤྲང་ཕུགས་ཤི་བ་ལ་གཏད་ཐུབ་པའི་ཞེ་དམ་བརྟན་པོར་མཛོད་ཅིག །ཅེས་པ་སྟེ།
རྗེ་མི་ལས། ཟང་ཟིང་ཚགས་སུ་མི་འཚལ་ཏེ། །དང་པོར་གསོག་སྐྲུན་སྡུག་བསྔལ་མེད། །བར་དུ་སྲུང་སྐྱོབ་སྡུག་བསྔལ་མེད། །ཐ་མར་ཆགས་ཞེན་སྡུག་བསྔལ་མེད། །ཅེས་དང་། ཅིས་ཀྱང་དགོས་པ་མེད་ཙ་ན། གྲགས་པས་ས་སྟེང་ཁྱབ་པ་ལགས། །ལུས་སྲོག་ཆོས་ཕྱིར་ཐོང་ཙ་ན། སྙན་པའི་སེར་བུས་བསྐྱོད་པ་ལགས། །ཞེས་གསུངས་སོ།།
ཤི་ཕུགས་གྲོག་སྐམ་ལ་གཏད་པ་ནི། རང་དབང་གནས་མལ་ཡོ་བྱད་གཏན་མེད་ཚེ། །ན་རྒས་འཆི་དུས་འཁོར་མཁན་དཀོན་སྙམ་ན། །ནོར་སྲུང་རྒན་པོ་འཆི་བ་ཇི་བཞིན་དུ། །ཤི་ཕུགས་གྲོག་ཕུ་སྐམ་པོར་གཏད་པར་མཛོད། །ཅེས་པས་བསྟན་ཏེ།
དེ་ལྟར་རང་དབང་ཐོབ་པའི་གནས་མལ་ཡོ་བྱད་ལོངས་སྤྱོད་གཏན་ནས་མེད་པའི་ཚེ། ཕྱིས་སུ་ན་རྒས་འཆི་གསུམ་འོང་བའི་དུས་སུ་སྤྲང་རྒན་ལ་འཁོར་མཁན་དཀོན་པས། ན་གཡོག་ཤི་དགེ་བྱེད་མི་མེད་ན་དེ་ཚེ་ཅི་བྱ་སྙམ་པའི་རྟོག་ངན་སྐྱེས་ན། ཕྱི་ཚིས་སྡུག་གིས་དོགས་པ་དེ་ནི་འཇིག་རྟེན་པའི་ནོར་སྲུང་རྒན་པོ་དག་ཡོ་བྱད་སོ་ནམ་གྱིས་དུས་འདའ་སྟེ་འཆི་བ་ཇི་བཞིན་དུ། བློས་ནི་མི་ཐོང་། རྗེས་སུ་ནི་མི་འབྲང་། ཆགས་སྡང་གིས་ཕུང་གཞིར་གྱུར་པ་ལས་ཕན་པར་དཀའ་བས། བློ་སྣ་བསྟུངས་ཏེ་ཤི་བའི་ཕུགས་གྲོག་ཕུ་སྟེ་གད་ཕུག་གམ། བྲག་ཕུག་གམ། ཐང་ཞབས་སོགས་ཆར་སྐྱོབ་སྐམ་པོ་ཙམ་གྱི་གནས་མལ་ལ་གཏད་པར་མཛོད་ཅིག ཅེས་པ་སྟེ།
ཀུན་ཁྱེན་ཆེན་པོས། རྒས་ཁའི་ཕྱི་ཚིས་སྡུག་དྭོགས་མ་སྤངས་ན། །སྙིང་ནས་བརྩོན་པའི་དམ་ཆོས་སྡུག་པར་གདའ། །ཞེས་དང་། འབྱོར་ལྡན་ཤི་བས་སྒྲེན་མོར་སོང་ལ་ལྟོས། །ཡོ་བྱད་གཉེན་འདུན་ཞེན་པ་ལོག་པར་འཆང་། །ཞེས་གསུངས་པ་དང་།
རྗེ་མི་ལས། ད་ནན་འདྲི་མི་མེད་པ་དང་། །ཤི་ན་ངུ་མི་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་སོགས་གསུངས་སོ།།
སྡེ་ཚན་གཉིས་པ་རྡོ་རྗེ་གསུམ་ལས་ཐེབས་མེད་རྡོ་རྗེ་ནི། རང་གཞུ་བཀང་ནས་རང་མདའ་བརྡེག་དགོས་ལྟར། རང་ནོར་བསགས་པས་དགེ་ཆོས་སྒྲུབ་དགོས་ཞེས། །གཞན་ཟེར་ཚིག་ལ་མི་རྟོན་ཟས་གོས་ཀྱི། །ཐེབས་མེད་རྡོ་རྗེ་སྔོན་དུ་གཏོང་བར་མཛོད། །ཅེས་པས་བསྟན་ཏེ།
གང་དག་འཇིག་རྟེན་པའི་ཁ་སྐད་ལ་དགེ་བ་སྒྲུབ་པ་དེའང་དཔེར་ན་རང་གིས་གཞུ་ཡང་བཀང་ནས་རང་གིས་མདའ་ཡང་བརྡེག་དགོས་པ་ལྟར་དུ། རང་གིས་རྒྱུ་ནོར་ཡོ་བྱད་ཀྱང་བསགས་ནས་སྒྲུབ་རྒྱགས་སོགས་བྱེད་པས་རང་གིས་དགེ་ཆོས་ཀྱང་སྒྲུབ་དགོས་པ་ཡིན་ནོ་ཞེས་སོགས། གཞན་ཟེར་གྱི་བསླུ་ཚིག་ལ་ཡིད་མ་རྟོན་པར། དང་པོ་ནས་སྒྲུབ་པའི་ཤོམ་ར་ཟས་གོས་ཡོ་བྱད་ཀྱི་འཚོག་ཆས་ཡུན་དུ་ཐུབ་པའི་ཐེབས་མེད་རྡོ་རྗེ་སྟེ་ནམ་ཡང་འགྱུར་བ་མེད་པའི་ཆོག་ཤེས་བརྟན་པོ་འདི་སྒྲུབ་པའི་སྔོན་དུ་གཏོང་བར་མཛོད་ཅིག །ཅེས་པ་སྟེ།
ཀུན་མཁྱེན་འཇིགས་མེད་གླིང་པས། དེ་ལྟར་མ་ཡིན་པར་ལྟོ་འབོལ་བ། སྦྱིན་བདག་ལེགས་པ། གོས་དྲོ་བ། སྡོད་གནས་སྐྱིད་པ། གཏམ་སྙན་པ། མི་ཆོས་དང་མཐུན་པ་ཞིག་ལྟ་གོན་བྱེད་ཕན་ཆད་ཆོས་མ་བྱས་གོང་དུ་བདུད་འགྲུབ་ཚར་བ་ཡིན་གསུངས་པ་དང། སྤྱོད་འཇུག་ལས། གལ་ཏེ་རྙེད་པས་གསོན་གྱུར་ན། །སྡིག་ཟད་བསོད་ནམས་བྱ་ཞེ་ན། །རྙེད་པའི་དོན་དུ་ཁྲོས་གྱུར་ན། །བསོད་ནམས་ཟད་སྡིག་མི་འགྱུར་རམ། །ཞེས་གསུངས་པས་སོ། །
ཁྲེལ་མེད་རྡོ་རྗེ་ནི། ཆོས་ཕྱིར་ཚེ་འདིའི་ཆེ་ཐབས་བློས་བཏང་ནས། །ཟས་མེད་གོས་མེད་སྤྲང་འཁྱམས་བྱེད་པའི་ཚེ། །གཞན་གྱིས་འཕྱ་སྨད་འབྲུག་གི་སྒྲ་བསྒྲགས་ཀྱང། །ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག་པར་མཛོད། །ཅེས་པས་བསྟན་ཏེ།
དེ་ལྟར་ལྷ་ཆོས་ཚུལ་བཞིན་བསྒྲུབ་ཕྱིར་ཚེ་འདིའི་ཆེ་ཐབས་བསྟོད་བཀུར་སྙན་གྲགས་ལོངས་སྤྱོད་ཐམས་ཅད་བློས་བཏང་ནས། རྗེ་བཙུན་ཆེན་པོ་མི་ལ་རས་པ་ལྟར་ཟས་མེད་གོས་མེད་སྤྲང་རྒན་འཁྱམས་པོའི་ངང་ཚུལ་གྱིས་དཀའ་སྤྱད་བྱེད་ཅིང་རིག་པ་བརྟུལ་ཞུགས་སྤྱོད་པའི་ཚེ། གཞན་གྱིས་མི་ཁ་འཕྱ་སྨད་སྐུར་འདེབས་འབར་ཤ་འབྲུག་གི་སྒྲ་ལྟར་བསྒྲགས་ཀྱང་། ངོ་མི་ཚ་ཞིང་ཆོས་བརྒྱད་མི་གཉེར་བར་རང་སེམས་རང་གིས་མི་ཁྲེལ་བའི་ཆོས་བྱས་པས། གཞན་ཟེར་གྱི་ཁྲེལ་མེད་རྡོ་རྗེ་བརྟན་པོ་ཞིག་མེད་ན། ཞེན་ལོག་རྒས་པའི་གསོག་འཇོག །ཅེས་པར་འགྱུར་བས་ན། སྔོན་དུ་བློས་བཏང་བའི་དོན་ལྟར་རྗེས་སུའང་ཡིད་ལ་དམ་དུ་བཞག་ནས་ཆོས་མཐའ་ཐུབ་པར་མཛོད་ཅིག །ཅེས་པ་སྟེ།
ཀུན་མཁྱེན་ཆེན་པོས། མཐོ་དམན་མི་བྱེད་ཁྱི་སྒྲ་ཐུག་འདྲ་དང་། །བཟོད་པའི་ཡུལ་གྱུར་དགེ་འཕེལ་ལས་ཡོད་དང། །ཞེས་གསུངས་པ་དང་། ཀུན་མཁྱེན་བླ་མས། བསྟོད་ན་མི་དགའ་སྨད་ན་དགའ། །བསྟོད་ན་ང་རྒྱལ་ཁེངས་སེམས་སྐྱེ། །སྨད་ན་རང་སྐྱོན་ཐེར་ལ་བུད། །མི་ཁ་ལྷ་ཡི་ཕ་འབབ་ཡིན། །ཞེས་དང་། བཀའ་དྲིན་ཅན་གྱི་བླ་མས། བ་དན་རླུང་ལྟར་ཁེ་གྲགས་མ་བསྒྲུབས་པས། །མ་རབས་གོ་ས་དམན་ཡང་ཞེ་བློ་བདེ། །ཞེས་གསུངས་སོ།།
ཡེ་ཤེས་རྡོ་རྗེ་ནི། མཐོ་མཐོ་རླུང་བསྐུར་དམའ་དམའ་ཆུར་བསྐྱུར་ནས། །འོག་ནས་འགྲོ་བ་ཆུ་ལས་གཞན་མེད་པའི། །དམན་ས་བཟུང་ནས་ཆོས་ལ་ངེས་སེམས་ཀྱི། །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་པར་མཛོད། །ཅེས་པས་བསྟན་ཏེ།
ཚེ་འདིའི་བདེ་སྐྱིད་སྙན་གྲགས་བཀུར་སྟིས་མཐོ་མཐོ་ནམ་མཁའ་དང་འདྲ་བར་བྱུང་ཡང། སེམས་མི་ཁེངས་པར་ཆེ་ཐང་རླུང་ལ་བསྐུར་ནས་མི་བཟུང་། མི་འདོད་པ་ནད་མུག་དགྲ་རྐུན་བརྙས་བཅས་སོགས་ཀྱིས་སྡུག་བསྔལ་བས་དམའ་དམའ་ཆུ་དང་འདྲ་བར་བྱུང་ཡང། སེམས་མི་ཞུམ་པར་སྡུག་དྭོགས་ཆུ་ལ་བསྐྱུར་ནས་མི་བཟུང་། རང་གི་ཡོན་ཏན་ལ་ང་རྒྱལ་ཆོག་འཛིན་མི་བྱ་བར། རྒྱལ་ཁམས་ན་རང་ལས་མང་ཞན་པའམ་དམའ་ཞིང་འོག་ནས་འགྲོ་བ་དང་འོག་ན་གནས་པ་ནི་ཆུ་དང་བརྒྱ་ལམ་ལས་གཞན་སུའང་མེད་པའི་དམན་ས་རྟག་པར་བཟུང་ནས། རང་གིས་ཉམས་སུ་ལེན་པའི་ཆོས་ལ་ངེས་པར་སེམས་པའི་ཡིད་ཆེས་ཀྱི་སྒོ་ནས། དོན་དམ་ལྷན་སྐྱེས་ཀྱི་ཡེ་ཤེས་རྡོ་རྗེ་ཉིད་རྣམ་པ་ཀུན་ཏུ་རང་དང་འདུ་འབྲལ་མེད་པར་འགྲོགས་ཤིང་གོམས་པས་ཆོས་སེམས་བརྟན་པར་མཛོད་ཅིག །ཅེས་པ་སྟེ།
རིན་ཆེན་ཕྲེང་བ་ལས། ལྷ་ཡི་ཕུན་སུམ་ཚོགས་པས་ཀྱང། །ཁེངས་པ་ཉིད་དུ་མི་བྱ་ཞིང། །ཡི་དྭགས་བཞིན་དུ་དབུལ་བ་ཡི། །རྒུད་པས་ཀྱང་ནི་ཞུམ་མི་བགྱི། །ཞེས་དང། ཀུན་མཁྱེན་འཇིགས་མེད་གླིང་པས། དམའ་མོའི་ས་བཟུང། ཧྲུལ་པོའི་གོས་གྱོན། སྣང་བ་གཏད་མེད་དུ་བཏང་། ཞེས་སོགས་གསུངས་སོ།།
དེ་ལྟར་རྡོ་རྗེ་གསུམ་པོ་འདིས་ཆོས་བརྒྱད་མགོ་སྙོམས་ཐུབ་པ་ཞིག་མ་བྱུང་ན་ཆོས་རྣམ་དག་མི་ཡོང་ངེས་ཏེ། རིག་པའི་དབང་ཕྱུག་གིས། འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར། །བསྟོད་དང་སྨད་དང་གྲགས་མ་གྲགས། །རྙེད་དང་མ་རྙེད་བདེ་དང་སྡུག །དེ་རྣམས་ལ་ནི་དགའ་མི་དགའ། །རྣམ་པར་རྟོག་པ་ཡོད་རིང་ལ། །ཆོས་པ་ཡིན་སྙམ་མ་སེམས་ཤིག །ཅེས་དང། རྗེ་མི་ལས། ད་རེས་ཆོས་བརྒྱད་དམག་དཔུང་གི། །ཁ་ལོ་ཐུར་དུ་མ་བསྒྱུར་ན། །ཆོས་པ་ཟེར་ཡང་རྫུན་པ་ཡིན། །ལྟ་བ་མཐོ་ཡང་ཁ་ལྟ་ཡིན། །སྒོམ་པ་བཟང་ཡང་བྲེས་བྱས་ཡིན། །སྤྱོད་པ་ཞིབ་ཀྱང་བཅོས་མ་ཡིན། །ཆོས་བཤད་མཁས་ཀྱང་ཚིག་ཀྱང་ཡིན། །ནུས་མཐུ་ཆེ་ཡང་རང་ཕུང་ཡིན། །ཞེས་གསུངས་སོ།།
སྡེ་ཚན་གསུམ་པ་བུད་སྙེགས་ཐོབ་གསུམ་ལས། མི་གྲལ་བུད་ནི། རང་ཉིད་མི་མཐོང་ཆ་འཇོག་མི་བྱེད་ཕྱིར། །ཚེ་འདི་དོན་གཉེར་མཐོ་དམན་སུ་དང་ཡང་། །སྒོ་གསུམ་མི་བསྟུན་སྨྱོན་པའི་སྤྱོད་པ་ལྟར། །འདི་པའི་མི་ཡི་གྲལ་ནས་ཅི་བུད་མཛོད། །ཅེས་པས་བསྟན་ཏེ།
དེ་ལ་ཉེ་འབྲེལ་ཡུལ་དགོན་ཐམས་ཅད་ཀྱིས་རང་ཉིད་ལ་འཇིག་རྟེན་ཚེ་འདི་སྒྲུབ་གོ་ཆོད་པའི་མི་ནུས་ལྡན་དུ་མི་མཐོང་ལ། མི་གྲལ་དུ་ཆ་འཇོག་ཆགས་བཞག་མི་བྱེད་པས་ཆོས་སྒྲུབ་པའི་རང་དབང་ཐོབ་པའི་ཕྱིར་དུ།འཇིག་རྟེན་ཚེ་འདིའི་ཆོས་བརྒྱད་སོ་ནམ་དོན་དུ་གཉེར་བ་པོ་མཐོ་དམན་དྲག་ཞན་དགྲ་གཉེན་སུ་དང་ཡང་། རང་གི་སྒོ་གསུམ་གྱི་བྱ་སྤྱོད་མི་བསྟུན་ཏེ་མི་མཛའ་མི་འཁོན་པས་འཇིག་རྟེན་མཐུན་འཇུག་སྤངས་ཏེ་མཁའ་ལ་སྤྲིན་བཞིན་འཕྱོ་ཞིང་འདི་བྱ་དེ་བྱ་མེད་པ་སྨྱོན་པའི་སྤྱོད་པ་ལྟར་ལ་དོར་གྱི་བྱེད་པ་བྱས་པས། འཇིག་རྟེན་ཚེ་འདི་པའི་མི་རྣམས་ཀྱི་གྲལ་ནས་རི་དྭགས་རྒྱ་ནང་ནས་ཤོར་བ་ལྟར་ཅི་དང་ཅི་བུད་མཛོད་ཅིག །ཅེས་པ་སྟེ།
ཨོ་རྒྱན་ཆེན་པོས། མི་ཡི་གྲལ་ནས་ཅི་བུད་ཅི་དོན་གྱིས། །ཡོངས་སུ་འཛིན་པ་ཁབ་སྐུད་ཅིག་མི་བྱཿ ཞེས་གསུངས་ཏེ། ཨོ་རྒྱན་སངས་རྒྱས་གཉིས་པ་དེ་ཉིད་དང་། མཁས་གྲུབ་གཉིས་ལྡན་བླ་མ་དཀོན་མེད་རིན་པོ་ཆེ་སོགས་ཀྱི་མཛད་བཟང་ལྟར་ཐབས་ཀྱིས་བུད་དགོས། དེའང་འཇམ་དབྱངས་བློ་གྲོས་མཐའ་ཡས་ཀྱིས། རབ་བྱུང་ཡིན་པས་འཇིག་རྟེན་ཁུར་ཐང་མེད། །ཕ་ཆུས་སངས་རྒྱས་བསྟན་པའི་གཞུང་ཤིང་བཟུང་། །སོ་ནམ་དད་སོགས་འཕགས་པའི་ནོར་བདུན་བསགས། །དགྲ་འདུལ་གཉེན་སྐྱོང་རང་གི་སེམས་ལ་བྱེད། །ཅེས་གསུངས། འཇིག་རྟེན་མ་བཏང་ན་ཆོས་འགྲུབ་ཐབས་མེད་པར་དགོངས་ནས། ཨ་བུ་རིན་པོ་ཆེས། ཆོས་དང་འཇིག་རྟེན་བྱ་བཞག་ཕོ་རབ་ཕྱག་ལེན། །དེ་འདྲའི་ཤག་པོ་མ་རེ་ཨ་བུ་བུ་ལུ། །ཞེས་གསུངས་པ་དང་། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས། བླུན་པོའི་སྤྱན་སྔར་མི་ཆོས་ལྷ་དམ་འཛོམས། །སྐྱེས་བུ་དམ་པ་རྣམས་ཀྱི་བཞད་གད་གནས། །ཞེས་གསུངས་སོ།།
ཁྱི་གྲལ་སྙེགས་པ་ནི། གཞན་གྱི་བྱས་པ་ཆུང་ངུའང་དྲིན་གཟོའི་ཕྱིར། །བརྡེག་འཚོག་བྱེད་ཀྱང་ལུས་སྲོག་གཏོང་བཟོད་ཅིང་། །འཕྲལ་འགྲངས་ཙམ་ལས་ཕུགས་ཀྱི་གསོག་འཇོག་གི །རང་དོན་མདོ་མེད་ཁྱི་ཡི་གྲལ་སྙེགས་མཛོད། །ཅེས་པས་བསྟན་ཏེ།
དེ་ནས་གཞན་པ་མར་གྱུར་བའི་སེམས་ཅན་ཐམས་ཅད་ཀྱིས་རང་ལ་ཕན་བཏགས་ཀྱི་བྱས་པ་ཆུང་ངུ་ལའང་། བྱས་པ་ཤེས་ཤིང་དྲིན་ལན་གཟོ་བའི་ཕྱིར་དུ། གཞན་གྱིས་རང་ལ་ཁྱི་སྡོམ་བཞིན་དུ་བརྡེག་འཚོག་སོགས་གནོད་པ་སྣ་ཚོགས་བྱེད་ཀྱང་། གནོད་ལན་མི་སྐྱེས་པར་ལུས་སྲོག་གཏོང་ནུས་པའི་བཟོད་པ་བསྒོམ་སྟེ། ཕམ་ཁ་རང་གིས་ལེན། རྒྱལ་ཁ་གཞན་ལ་སྟེར་ནས་གཞན་ཕན་ཁོ་ན་བྱེད་ཅིང་། རང་ཉིད་འཕྲལ་འགྲངས་ཏེ་ཞག་ཤས་མི་བཀྲེས་པ་ཙམ་གྱི་ཁ་ཟས་ལས། གཞན་དུ་ནམ་ཕུགས་ཡུན་གྱི་འཚོ་བ་གསོག་འཇོག་གི་ནོར་རྫས་ཀྱི་རང་དོན་མི་བསྒྲུབ་པར་མདོ་མེད་འཁྱམས་པོ་ཁྱིའི་གྲལ་ཏེ་དམན་སར་སྙེགས་ནས་ཆོས་མཛོད་ཅིག །ཅེས་པ་སྟེ།
ཀུན་མཁྱེན་ཆེན་པོས། རང་འདོད་རྒྱལ་ཁ་མི་སྐུག་ཆོག་ཤེས་ཕམ་ཁ་བླང་། །མི་ངོ་དཀར་ནག་མི་བལྟ་རང་རྒྱུད་དགེ་སྡིག་བལྟ། །ཞེས་དང་། ཡང་། གནོད་ལན་ཕན་བདེ་བྱེད་པ་ཤིན་ཏུ་གཅེས། །རྒྱལ་བ་མཆོད་ཕྱིར་སེམས་ཅན་དོན་བྱེད་གཅེས། །རང་བདེ་བོར་ནས་གཞན་སྡུག་བསལ་བར་གཅེས། །ཞེས་དང་། བློ་གྲོས་མཐའ་ཡས་ཀྱིས། ང་རྒྱལ་ཐེ་ཚོམ་ལེ་ལོ་ཆོས་པའི་བདུད། །སྤངས་ནས་དམན་ས་འཛིན་པ་གནད་དུ་ཟབ། །དམན་ས་ཟིན་ཆོ་ཡོན་ཏན་གྱེན་དུ་འཕེལ། །ཆེ་འདོད་བྱུང་ཚེ་སྒོམ་ཆེན་ཐུར་བྱང་བ། །ཅེས་སོགས་གསུངས་ཤིང་། བདག་ཅག་གི་སྟོན་མཆོག་དེས་ཀྱང་ཤ་ནའི་གོས་དང་ཕྱག་དར་ཁྲོད་བརྗེས་ནས་དམན་ས་བཟུང་བ་ལྟར་རོ།།
ལྷ་གྲལ་ཐོབ་པ་ནི། སྔོན་བྱོན་སྟོན་པ་མཆོག་ནས་བླ་མའི་བར། །དམ་པ་ཡོངས་ཀྱི་ཐུགས་བཞེད་མཛད་སྤྱོད་ལྟར། །ཆོས་ཕྱིར་སྲོག་གཏོང་དཀའ་སྤྱད་སྙིང་སྟོབས་ཀྱིས། །ལྷ་མིའི་བཀུར་འོས་ལྷ་གྲལ་ཐོབ་པར་མཛོད། །ཅེས་པ་སྟེ།
དེ་ལྟ་བུའི་སྒོ་ནས་སྔོན་བྱོན་གྱི་སྟོན་པ་ཤཱཀྱའི་སྐྱེས་མཆོག་ནས་བཟུང་སྟེ་རང་གི་རྩ་བའི་བླ་མའི་བར། ཆོས་མཛད་ཀྱི་སྐྱེས་བུ་དམ་པ་ཡོངས་ཀྱི་ཐུགས་བཞེད་རྨད་དུ་བྱུང་བ་སློབ་པ་ལམ་དུས་ནས་ལྷ་མིའི་བླ་མར་གྱུར་པའི་བར་གྱི་མཛད་སྤྱོད་རྨ་མེད་པ་ལྟར་དུ། རང་ཅག་གིས་ཀྱང་དམ་པའི་ཆོས་ཀྱི་ཕྱིར་དུ་སྲོག་ཀྱང་གཏོང་ནུས་པའི་དཀའ་སྤྱད་དང་སྙིང་སྟོབས་ཆེན་པོས་ཉམས་སུ་བླངས་པས། ནང་གི་ཉམས་རྟོགས་ཡོན་ཏན་རྒྱས་ཤིང་བྱང་ཆུབ་ཀྱི་སེམས་འབྱོངས་པས། གནས་སྐབས་མཐར་ཐུག་ཀུན་ཏུ་འགྲོ་བ་ལྷ་དང་མི་ཐམས་ཅད་ཀྱིས་གཙུག་ཏུ་བཀུར་ཞིང་མཆོད་པར་འོས་པའི་སྐྱབས་གནས་དམ་པ་ལྷ་གྲལ་གོང་མ་ཐོབ་པར་མཛོད་ཅིག །ཅེས་པ་སྟེ།
རྗེ་མི་ལས། དམན་ས་ཟུངས་དང་མཐོ་ས་སླེབ། །ག་ལེར་སྐྱོད་དང་མགྱོགས་པ་ཕེབས། །བྱ་བ་བཏང་ན་དོན་ཆེན་འགྲུབ། །ཅེས་དང་། ཡང་། ཆོས་ཕྱིར་དཀའ་ཐུབ་སྤྱོད་པ་ལ། །བསོད་ནམས་དཔག་ཏུ་མེད་པ་ཡོད། །ཅེས་དང་། གཞན་ཡང་། ཚུལ་བཞིན་བགྱིས་ན་ལྷ་བཞིན་བཀུར། །ཆོས་བཞིན་བྱས་ན་ཆར་བཞིན་འབབ། །ཅེས་གསུངས་སོ། །དེ་ལྟར་ཚུལ་བཞིན་བསྒྲུབ་ནུས་ན་རྒྱལ་ཁམས་ཡོངས་ཀྱི་གཅེས་ཕྲུག་སྲིད་པ་གསུམ་ཀྱི་མཆོད་འོས་སུ་འགྱུར་བར་ཐེ་ཚོམ་མེད་དོ།།
གསུམ་པ་ཐ་མར་དགེ་བ་ལ། མཚོན་དོན། ཕན་ཡོན། མཛད་བྱང་དང་གསུམ་ལས། དང་པོ་ནི། དེ་ལྟར་གསེར་སོགས་ཕུགས་ཀྱི་ནོར་བདོག་པའི། མི་འགའ་འཕྲལ་དུ་འཚོ་བ་ཆད་གྱུར་ཀྱང་། །ཅི་ཡང་མི་སྙམ་བློ་བདེར་ལས་བྱེད་པ། །དེ་བཞིན་ཕུགས་ནོར་མཚོན་དོན་མཁྱེན་པར་མཛོད། །ཅེས་པས་བསྟན་ཏེ།
གོང་བཤད་དེ་ལྟར་ལ་ཕུགས་ནོར་ཞེས་བྱ་བའི་དོན་ནི། དཔེར་ན་ཚེ་འདིར་གསེར་དངུལ་ལ་སོགས་ཕུགས་ཀྱི་གཅེས་ནོར་བཟང་པོ་བདོག་པའམ་འབྱོར་བའི་མི་འགའ་ཞིག །ད་ལྟ་འཕྲལ་དུ་འཚོ་བ་ཟས་སོགས་ཆད་ནས་བཀྲེན་པ་ལྟར་གྱུར་ཀྱང་། ཅི་ཡང་མི་སྙམ་སྟེ་སྡུག་དྭོགས་མེད་པར་བློ་བདེ་བའི་ངང་ནས་རང་གི་ལས་བྱེད་པ་དེ་བཞིན་དུ། ཆོས་གནད་དུ་བསྣུན་བའི་རྣལ་འབྱོར་པ་དག་འཕྲལ་དུ་ཟས་གོས་དང་གོ་ས་དམན་པ་ལྟར་སྣང་ཡང་། ཨ་བུས། ཚེ་གཅིག་སངས་རྒྱས་ལ་ཐར་མེད། ཡིན་ཀྱང་བློ་བདེ་ཨ་ལ་ལ། གསུངས་པ་ལྟར། སྡུག་དྭོགས་མེད་པར་དགྱེས་བཞིན་དུ་མཐར་ཐུག་གི་ནོར་དམ་པ་ཆོས་མཛད་པས་ན། ཕུགས་ནོར་ཞེས་མཚོན་པའོ་དོན་ཤེས་ཤིང་མཁྱེན་པར་མཛོད་ཅིག །ཅེས་པ་སྟེ། རས་པ་དམ་ཚིག་རྡོ་རྗེས། ཕྱི་མའི་དོན་མཆོག་ཚུལ་བཞིན་སྒྲུབ་པའི་དུས། དགྲ་དང་ཐག་པས་བསད་རུང་འགྱོད་སེམས་བྲལ། །ལྟོགས་གྲི་འཁྱགས་གྲིར་ཤི་རུང་ཞེ་བློ་བདེ། །ངེས་མེད་དབེན་གནས་འགྲིམས་ཞིག་སྐལ་ལྡན་ཀུན། ཞེས་གསུངས་པ་ལྟར་རོ།།
གཉིས་པ་ནི། དེ་ལྟར་ཕུགས་ནོར་འདི་བཅུ་བློར་བཞག་ན། ཉོན་མོངས་རྫོང་འགྱེལ་ལས་ངན་གྲུ་བོ་འཇིག །གཉེན་པོ་བདེ་བའི་ཐང་ལ་སླེབ་བོ་ཞེས། །དམ་པ་གོང་མའི་གསུང་ལ་ཡིད་ཆེས་མཛོད། །ཅེས་པས་བསྟན་ཏེ།
དེ་ལྟར་མཐར་ཐུག་ཕུགས་ཀྱི་ནོར་མཆོག་འདི་བཅུ་པོ། རང་རང་གི་བློ་ལ་བཀལ་ཞིང་སེམས་ལ་བཞག་སྟེ་ཐུགས་དམ་གྱི་མཐིལ་གནད་དམ་པར་མཛད་ན། རང་རྒྱུད་ཀྱི་སྤང་བྱ་ཉོན་མོངས་པའི་དགྲ་རྫོང་རྨང་ནས་འགྱེལ་ཞིང་། འཁོར་བའི་རྒྱ་མཚོར་ལས་ངན་གྱི་གྲུ་བོ་སྒྲིབ་གཉིས་བག་ཆགས་དང་བཅས་པ་འཇིག་ཅིང་བརླག་པས། སྡུག་བསྔལ་གྱི་འཕྲང་ལས་ཐར་ཏེ་གཉེན་པོ་དགེ་བ་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བའི་ཐང་ཡངས་པ་ལ་སླེབ་བོ། །ཞེས་བཀའ་གདམས་དམ་པ་གོང་མ་དག་གི་གསུང་བསླུ་བ་མེད་པ་འདི་ལ་ཡིད་ཆེས་པས་ཉམས་སུ་བླང་བར་མཛོད་ཅིག །ཅེས་པ་སྟེ།
མཉམ་མེད་ཇོ་བོས། གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་ཐར་པའི་སྐམ་སར་གཤེགས། །བླ་མའི་གདམས་ངག་ཚུལ་བཞིན་སྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐོམས། །རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱིས་གྲོས་ལ་གསན་པར་རིགས། །དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཀྱང་སྐྱིད་པར་མཆིས། །ཞེས་དང་། ཡང་། ལོག་པ་ལ་མ་ཡེངས་པར་རྒྱུན་དུ་ཆོས་ལ་སོམས། དམན་ས་ཟུངས། འཕམ་ཁ་ལོངས། ཡུས་ཁ་སྐྱུངས། ཞེ་འདོད་ཐོངས། བརྩེ་སེམས་བསྐྱེད། གང་ལའང་ཚོད་རིག་པར་གྱིས། མགུ་སླ་ཞིང་གསོ་སླ་བ་ཞིག་དགོས། རི་དྭགས་ལྟར་འཇིག་རྟེན་པ་ལ་བྲོས། ཞེས་དང། མདོར་ན་དགོན་པ་ན་གནས་ནས་བྱ་བ་མ་མང་བར་ཆོས་འབའ་ཞིག་སྒོམས་ལ་ནམ་འཆི་བའི་ཚེ་སེམས་ལ་འགྱོད་པ་མེད་པ་ཞིག་གྱིས་ཤིག་གསུངས། བྱ་བྲལ་རསྨི་བཛྲས། དེས་ན་ད་རེས་རྟེན་བཟང་མི་ལུས་ཐོབ། །དགེ་བའི་བཤེས་མཇལ་རྒྱལ་བའི་བསྟན་དང་འཕྲད། །བྱང་ཆུབ་སྒྲུབ་པའི་རྒྱུ་རྐྱེན་ཚང་དུས་འདིར། །ཆོས་ཀྱི་སྙིང་པོ་ཕུགས་ནོར་འདི་བཅུ་ཟུངས། །ཞེས་གསུངས་སོ།།
གསུམ་པ་ནི། ཅེས་ཕུགས་ནོར་བཅུའི་བསླབ་བྱ་འདི་ནི་སྤོང་བ་པ་དགེ་སློང་ཚུལ་ཁྲིམས་རྣམ་རྒྱལ་གྱིས་རྒྱ་སོག་འཇམ་མགོན་བླ་མའི་སྒྲུབ་ཕུག་ཏུ་ལྕགས་གླང་ལོར་བྲིས་པ་དགེ་བ་གྱུར་ཅིག །ཅེས་གསུངས་སོ། །སྨྲས་པ།
དགེ་བཤེས་ཆེན་པོ་གང་དེའི་ཐུགས་མཚོ་ལས།།
བློ་སྦྱོང་ནམ་མཁའི་ནོར་བུ་གསར་དུ་ཚེས།།
བསྟན་འགྲོའི་པད་ཚལ་གཉེན་གྱུར་འདི་རྨད་བྱུང་།།
སྐལ་བ་ལྡན་རྣམས་འདི་ལ་དགྱེས་པར་རོལ།།
སྐལ་ངན་བདག་ཀྱང་སྐྱེ་ཞིང་སྐྱེ་བ་ཀུན།།
འཁོར་བ་བློས་ཐོང་གཅིག་པུ་རི་སུལ་དུ།།
འདི་འདྲའི་དོན་ལ་ཚུལ་བཞིན་ཉམས་བླངས་པས།།
བཀའ་གདམས་གོང་མའི་རྗེས་སུ་ཕྱིན་གྱུར་ཅིག །
འདིས་མཚོན་རང་གཞན་དུས་གསུམ་བསགས་པའི་དགེ །
གཅིག་བསྡུས་མཁའ་ཁྱབ་འགྲོ་བའི་དོན་ལ་ཆས།།
ལས་ངན་ལུས་སྤངས་འཁོར་བའི་གྲོང་བརྒལ་ནས།།
ཞི་བ་ཐར་གླིང་དམ་པར་སོན་གྱུར་ཅིག །
ཅེས་པ་འདིའང་དྲིན་ཅན་གྱི་བླ་མ་ལ་དྲིན་གཟོར་སེམས་ཏེ། ཆོས་ཚུལ་འདི་ལ་མོས་པ་ཙམ་ཐོབ་པའི་སྤོང་བ་པ་བིདྱཱ་དྷ་རས་གནས་མཆོག་ཕག་མོ་རྫོང་གི་ནགས་ཁྲོད་བདེ་སྐྱིད་ནོར་བུའི་དགའ་ཚལ་དུ་སྤེལ་བས། བསྟན་འགྲོ་ལ་ཕན་ཅིང་འབྲེལ་ཐོགས་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།