༄༅། །ལེགས་བྱས་ཡོངས་འདུའི་སྙེ་མ།།
༄༅། །སྭསྟི་སིངྷཾ།
ཐུབ་རྣམས་སྤངས་རྟོགས་ཡོན་ཏན་རབ་མཉམ་ཡང་།།
གདུལ་དཀའི་འགྲོ་ལ་ཉེར་བརྩེའི་སྙིང་སྟོབས་ལ།།
ཕྱོགས་བཅུའི་རྒྱལ་ཀུན་མགྲིན་གཅིག་བསྔགས་པའི་ཡུལ།།
བཅོམ་ལྡན་ཤཱཀྱ་སེང་གེར་མགོས་ཕྱག་འཚལ།།
བདེ་གཤེགས་ཀྱིས་བསྐུལ་ཅོད་པན་མ་ཕམ་དབུར།།
བཅིངས་ཏེ་གཟིགས་པ་ལྔ་ཡིས་འཛམ་གླིང་འགྲོ།།
ཡང་དག་ལམ་ལ་བཀྲི་ཕྱིར་དགའ་ལྡན་ནས།།
འཕོ་མཛད་དམ་པ་ཏོག་དཀར་ཕྱག་འཚལ་ལོ།།
ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན།།
སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས།།
གླང་ཆེན་ཐལ་ཀར་མཆེ་བ་དྲུག་ལྡན་གྱི།།
རྣམ་པས་ལྷུམས་སུ་ཞུགས་ལ་ཕྱགས་འཚལ་ལོ།།
དབོ་ཟླའི་ཚེས་བཅུར་གློ་གཡས་ནས་བལྟམ་ཚེ།།
ངོ་མཚར་ལྟས་བཟང་ལྷ་ཀླུས་སྲི་ཞུ་མཛད།།
སྐྱེ་མཐར་ཞལ་འཆེས་ལུས་ཅན་བདེ་སྐྱིད་མཐུས།།
དོན་ཀུན་གྲུབ་མཚན་གསོལ་ལ་ཕྱག་འཚོལ་ལོ།།
ཡི་གེ་རྒྱལ་དང་གླང་ཆེན་འདུལ་ལ་སོགས།།
དྲུག་ཅུ་རྩ་བཞི་ལས་བརྒལ་རྒྱུ་རྩལ་གྱིས།།
གཞོན་ནུའི་དུས་ནས་སྟོབས་ཅན་དྲེགས་ལྡན་ཚོགས།།
ཁེངས་པ་འཕྲོག་པར་མཛད་ལ་ཕྱག་འཚལ་ལོ།།
རང་ལོ་ཉེར་དགུའི་བར་དུ་རྒྱལ་པོའི་སྲིད།།
བསྐྱང་ཚེ་འཇིག་རྟེན་མཐུན་དང་ལོག་རྟོག་རྣམས།།
སེལ་ཕྱིར་ས་འཚོ་གྲགས་འཛིན་གྱིས་མཚོན་པའི།།
བཙུན་མོ་ཁབ་ཏུ་བཞེས་ལ་ཕྱག་འཚལ་ལོ།།
རྒྱལ་གསུང་སིལ་སྙན་སྒྲར་དྲངས་ཉེར་བསྐུལ་ཞིང་།།
རྒ་ན་འཆི་དང་དགེ་སློང་གཟིགས་རྐྱེན་གྱིས།།
མཆོད་རྟེན་རྣམ་དག་དྲུང་དུ་རབ་བྱུང་བར།།
བརྒྱ་བྱིན་ངུར་སྨྲིག་ཕུལ་ལ་ཕྱག་འཚལ་ལོ།།
ནེ་ར་ཉྫ་ནར་མཁའ་ཁྱབ་ཏིང་འཛིན་ལ།།
ལོ་དྲུག་དཀའ་བ་སྤྱད་ཚེ་ཟས་གཙང་སོགས།།
དབུགས་དབྱུང་ལེགས་སྐྱེས་འོ་མས་བསྙེན་བཀུར་མཐུས།།
གསེར་མདོག་ལང་ཚོ་དར་ལ་ཕྱག་འཚལ་ལོ།།
སྐྱིལ་ཀྲུང་གཅིག་ལ་བྱང་ཆུབ་མཆོག་བརྙེས་ཕྱིར།།
རྡོ་རྗེ་གདན་ལ་རྩྭ་ཚོང་བཀྲ་ཤིས་ལས།།
ཉེར་བསླངས་དུར་པའི་ཆུན་པོ་བཏིང་བའི་སྟེང་།།
མི་གཡོའི་དམ་བཅའ་བརྟན་ལ་ཕྱག་འཚལ་ལོ།།
བདུད་སྡེའི་མཚོན་ཆར་མཛེས་མའི་སླུ་བྲིད་ཀྱིས།།
མ་ཚུགས་གྲངས་མེད་མཆོད་སྦྱིན་དཔང་པོ་རུ།།
ས་ལྷས་ཐལ་མོ་སྦྱར་ཚེ་འདོད་ལྷ་ཡིས།།
དང་བས་ཆེད་དུ་བསྔགས་ལ་ཕྱག་འཚལ་ལོ།།
སུམ་ཅུ་རྩ་ལྔའི་དགུང་ལོར་ཉེར་བབས་ནས།།
ས་ག་ཟླ་བའི་བཅོ་ལྔའི་ཐུན་དྲུག་གི །
ཐ་མར་བླ་མེད་བྱང་ཆུབ་བདུད་རྩིའི་བཅུད།།
ཐུགས་ཀྱི་དཔལ་བེར་གཏམས་ལ་ཕྱག་འཚལ་ལོ།།
བདུན་ཕྲག་བདུན་མཐར་བཀྲ་ཤིས་ཚིགས་བཅད་གསུངས།།
ཚངས་དབང་གིས་བསྐུལ་ཝ་ར་ནཱ་སི་རུ།།
ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི།།
ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ།།
བརྒྱད་ཅུའི་ལོ་ལ་སླེབས་པའི་དཔྱིད་ཐ་ཡི།།
བཅོ་ལྔའི་ཚེས་གྱི་ནང་པར་དེ་བཞིན་གཤེགས།།
འཇིག་རྟེན་ཁམས་སུ་མི་སྣང་ལྟར་གྱུར་ནས།།
མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ།།
ཐུན་མོང་གདུལ་བྱར་བསྟན་ཀྱང་ངེས་པའི་དོན།།
སྐྱེ་འཆི་སྤངས་བའི་སྐུ་ལ་ཕྱག་འཚལ་ལོ།།
ནམ་མཁའ་མཛོད་ཀྱི་སྒོ་འཕར་ཡོངས་ཕྱེ་བའི།།
འཛད་མེད་དངོས་བཤམས་ཡིད་སྤྲུལ་མཆོད་པ་འབུལ།།
ཐོག་མེད་བསགས་པའི་སྡིག་ལྟུང་མ་ལུས་པ།།
གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པར་བགྱི།།
རང་གཞན་ཀུན་གྱིས་བསྒྲུབ་པའི་དགེ་བ་ལ།།
དད་པའི་སེམས་ཀྱིས་རྟག་ཏུ་ཡི་རང་ངོ་།།
རྒྱལ་སྲས་སློབ་མར་བཅས་པ་འཁོར་བའི་མཐའ།།
སྟོངས་མིན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།།
འགྲོ་ཀུན་ཐར་པའི་ལམ་དུ་མ་བཞག་པར།།
གཟུགས་སྐུ་མྱ་ངན་མི་འདའ་བརྟན་པར་བཞུགས།།
ཉེར་བསགས་བསོད་ནམས་ཕུང་པོ་སྐྱེ་དགུ་རྣམས།།
རྣམ་མཁྱེན་ཡེ་ཤེས་འཐོབ་པའི་རྒྱུ་རུ་བསྔོ།།
དགེ་བའི་འབྲས་བུ་འཇིག་རྟེན་ཁམས་རྣམས་སུ།།
བཀྲ་ཤིས་བདེ་ལེགས་ཆེན་པོས་ཁྱབ་པར་ཤོག །
འོ་སྐོལ་གྱི་སྟོན་པ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཉི་མའི་གཉེན་གྱི་མཛད་པ་བཅུ་གཉིས་ལས་བརྩམས་པའི་བསྟོད་པ་མཆོག་དམན་ཀུན་གྱིས་གོ་བདེ་ཕྱིར་སྙན་ངག་གི་ལམ་ནས་མ་དྲངས་ཤིང་བརྡ་དང་མངོན་བརྗོད་ཀྱིས་མ་བཅིངས་པ་ཞིག་དགོས་ཞེས་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པའི་སྟེང་རྙེད་དོན་ལ་གནས་ཚེ་དགོངས་པ་འགྲེལ་རྒྱུ་ཁྱད་པར་ཅན་ཡོད་པ་ལས་འོས་མ་མཆིས་མོད། གལ་ཏེ་འབྲི་གུང་སྐྱོབ་པས་མཛད་པ་ལྟ་བུ་མིང་བཏགས་ཀྱིས་འདྲེས་ན་དོན་གྱི་ཆར་སོམ་ཉི་འགའ་ཞིག་སྣང་ཞིང་།། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཐུགས་རྩོམ་དེ་ཚིག་སྦྱོར་ལེགས་ཀྱང་གོ་དཀའ་ལ་མཛད་པ་གཅིག་ལ་ཚིགས་བཅད་གཉིས་ཙམ་ཡོད་པའི་ཅུང་མི་གསལ་བ་ནས་འདུལ་བའི་རྣམ་བཤད་འཁྲུལ་པ་དང་བྲལ་བ་ལུང་རིགས་གཏེར་མཛོད་ཀྱི་དགོངས་དོན་སོར་བཞག་པའི་བསྟོད་པ་ལེགས་བྱས་ཡོངས་འདུའི་སྙེ་མ་ཞེས་བྱ་བ་འདི་ནི་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་མེ་སྦྲུལ་ཧོར་ཟླ་ལྔ་པའི་ཡར་ངོའི་དགའ་བ་གཉིས་པར་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ཡང་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པ་ཛ་ཡནྟུ།།