Guru Chenrezig, the Embodiment of Refuge and Compassion – Tibetan

༄༅། །སྐྱབས་ཐུགས་རྗེ་མ་བཞུགས་སོ།

སྐྱབས་ཐུགས་རྗེའི་བདག་ཉིད་བླ་མ་ཡི་དམ་ལྷ།།
བདག་སོགས་སེམས་ཅན་སྐྱེ་འཆིའི་འཁོར་ལོ་བསྐོར།།
ཤ་རུས་བསགས་པས་སྟོང་གསུམ་གང་ཡང་ལྷག །
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཟླ་དགུ་ངོ་བཅུ་ལུས་ལ་ཁུར་བའི་མ།།
ཚ་གྲང་འཐབས་ནས་རུས་པའི་འཕྲང་ལ་བཞུར།།
ས་ཡི་ཁ་རུ་རྗེན་པར་སྒྱུར་བའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཆོས་མེད་སེར་གཟུགས་ཟོག་པོ་རྒྱལ་སྲས་ང་།།
ལུས་ཀྱི་རྐང་རྫོགས་ན་སོ་དར་ལ་བབ།།
སྐྱེ་རྒ་ན་འཆིའི་འཕྲང་ལ་ཐར་པ་མེད།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

དྲང་པོར་སྐྱེས་པའི་རྐེད་པ་སྒྱུར་ཞིང་འཁྱོགས།།
ཁ་ཡི་སོ་བུད་ཟས་ལ་ཡིད་སྨོན་བྱེད།།
སྐྲ་དང་ཁ་སྤུ་དཀར་པོར་སོང་བའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

མཛེས་པའི་བྱད་ལ་གཉེར་མའི་བང་རིམ་ཆགས།།
བལྟ་བའི་མིག་འགྲིབ་བལྟས་ཀྱང་གཟུགས་མི་གསལ།།
ཐད་ཀར་ཕྱིན་པའི་གོམ་པ་འཁྱོར་བའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

རྣ་བ་འོན་པས་གཞན་གྱིས་བརྙས་བཅོས་བྱེད།།
ལུས་ཀྱི་ཤ་ཤོར་རུས་འཁོར་པགས་པས་གཡོགས།།
ལྟོ་གོས་གཉིས་ལ་གལ་ཆུང་བྱེད་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

རྒས་ཤིང་ཁོགས་པས་ངོ་ཚ་སྐྱུག་བྲོ་བྱེད།།
ཕར་ལ་ལབ་ན་མི་ཉན་ཚུར་ལ་འཐབ།།
རང་གཞན་གཉིས་ཀ་ཤི་སྨོན་འདེབས་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ལས་ཀྱི་དབང་གིས་འཆི་ནད་དྲག་པོས་བཟུང་།།
ཉི་ཟླའི་དཀྱིལ་འཁོར་གཟའ་ཡིས་གཟུང་བ་བཞིན།།
ཤ་བཀྲང་བྱད་ཀྱི་གཟི་མདངས་ཡལ་བའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ནད་ཟུག་ལངས་པའི་སྐད་ངན་འཁུན་པ་ཚོར།།
འབྱུང་བཞི་འཁྲུགས་ནས་ཉིན་མཚན་འཁྱོལ་དུ་མེད།།
མོ་འདེབས་ལྷ་མཆོད་འདྲེ་རྡུངས་བྱེད་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

བཟའ་བརྒྱུད་མི་འགྲོ་འཁོར་གྱིས་མཐའ་མ་བསྐོར།།
སྨན་དཔྱད་རིམ་འགྲོ་འབད་ཀྱང་ཕན་པ་མེད།།
རྩ་ཆུ་གཉིས་ཀ་གདན་ཁར་ཤོར་བའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

བཅུད་ཆེན་ཟས་ལ་ཞེན་པ་ལོག་པའི་ཚེ།།
མཆུ་བརྫེས་སྣ་ཞོམ་སོ་ལ་དྲེག་པ་ཆགས།།
ཡིད་ཁར་འོང་བ་སྔོན་མོའི་ཆུ་ལས་མེད།།
ཤི་གསོན་འབྲལ་དུས་ཁ་ཆེམས་གཞོག་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཧྲིག་ཧྲིག་མིག་གིས་ཉེ་བའི་གདོང་ལ་ལྟ།།
ནོམ་ནོམ་ལག་པས་གྲོགས་དང་གོས་ལ་འཆང་།།
ལུས་ལ་གཤིན་པོའི་དྲི་མ་ཆགས་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཚེ་ཟད་ལུས་ཟད་བེམ་རིག་བྲལ་བའི་ཚེ།།
དགོང་མོའི་གྲིབ་སོ་སྣུམ་ཟད་མར་མེ་འདྲ།།
ཡུད་ཙམ་ཞིག་ཀྱང་སྡོད་དབང་མེད་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཀྲད་ཀྲད་ཤད་ཤད་འཆི་འདྲས་ཡང་ཡང་འདོན།།
ལུས་སེམས་བྲལ་དུས་དབུགས་ཀྱི་རྒྱུ་བ་ཆད།།
ནོར་གཉེན་བསྐྱུར་ནས་གཅིག་པུར་འགྲོ་བའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ས་ཁམས་ཐིམ་པས་ལྟེ་བའི་རྩ་འཁོར་ཞིག །
ལུས་ཀྱི་སྟོབས་ཤོར་ཡན་ལག་སྡུད་མི་ཐུབ།།
བྱད་ལ་རྡུལ་ཆགས་མིག་གཉིས་རྡིབ་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཆུ་ཁམས་ཐིམ་པས་སྙིང་ཁའི་རྩ་འཁོར་ཞིག །
ཚོར་བ་ཉམས་པས་ཁ་སྣ་ཕྱི་ནས་སྐམ།།
སྣ་ཡི་བུ་ག་གཉིས་པོ་སྐམ་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

མེ་ཁམས་ཐིམ་པས་མགྲིན་པའི་རྩ་འཁོར་ཞིག །
ལུས་ཀྱི་དྲོད་བསྡོགས་ཟས་སྐོམ་འཇུ་མི་ཐུབ།།
རྣ་བ་གཡས་གཡོན་དབང་པོ་འགགས་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

རླུང་ཁམས་ཐིམ་པས་སྤྱི་བོའི་རྩ་འཁོར་ཞིག །
ངར་ངོར་སོག་སོག་ཕྱི་དབུགས་སྡུད་མ་ཐུབ།།
ཁ་ལྐུགས་ལྕེ་ཡི་དབང་པོ་ཉམས་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

བྱང་སེམས་ཐུར་བབས་དཀར་ལམ་ཤར་བ་དང་།།
རཀྟ་གྱེན་ལོག་དམར་ལམ་ཤར་བ་དང་།།
དབུ་མ་འགྱེལ་དུས་ནག་ལམ་འཚུབ་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

རང་བཞིན་བརྒྱད་ཅུའི་རྟོག་པ་རིམ་གྱིས་འགགས།།
འོད་གསལ་རང་བཞིན་ཕྱག་རྒྱ་ཆེན་པོའི་ངང་།།
བཅོས་མེད་རང་གི་རྒྱུད་ལ་ཤར་བའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

རྩ་བའི་བླ་མས་དབང་བསྐུར་ཁྲུས་ཆོག་བྱེད།།
ཉེ་འབྲེལ་འཚོགས་ནས་རོ་ལ་བཟའ་གཏུང་སྟེར།།
མིང་ནས་འབོད་ཅིང་བྲང་ལག་འཐབ་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

གཉའ་ལག་བཀུག་ནས་དྲེས་མའི་ཐག་པས་བསྡོམ།།
མཐུན་པའི་གྲོགས་ཀྱིས་མཆི་མས་སྐྱེལ་མ་བྱེད།།
འཇམ་པོའི་མལ་ནས་དུར་ས་སྙོག་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཡང་ན་ཕུང་པོ་རི་བོའི་རྩེ་ལ་སྐྱེལ།།
ཡན་ལག་སུག་བཞི་རྣོན་པོའི་མཚོན་གྱིས་ཁྲལ།།
རྒྱུ་མ་གློ་སྙིང་ཐང་ལ་འགྲེམ་པ་དང་།།
བྱ་དང་སྤྱང་ཀི་ཝ་ཁྱིས་ཟ་བའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཡང་ན་ཕུང་པོ་སྔོན་མོའི་ཆུ་ལ་སྐྱུར།།
ཁྲག་དང་ཆུ་སེར་སྔོན་མོའི་ཆུ་དང་འདྲེས།།
ཤ་དང་ཚིལ་བུ་ཉ་སྲམ་ཟ་བའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཡང་ན་ཕུང་པོ་མེ་ཡི་དཀྱིལ་དུ་བསྲེག །
ཤ་རུས་པགས་གསུམ་ཐལ་བའི་ཕུང་པོར་གཏོང་།།
དྲི་ཟ་ཕོ་མོ་རྣམས་ཀྱི་སྣོམ་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཡང་ན་ཕུང་པོ་ས་ཡི་འོག་ཏུ་སྦོད།།
ཤ་རུས་པགས་གསུམ་རུལ་བའི་དྲི་མར་སོང་།།
འབུ་དང་གྲོག་མ་སྦྲང་བུས་འཇིབ་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

བསགས་པའི་ནོར་ནི་སུས་ཐོབ་སྦར་ཤ་བརྒྱབ།།
ནོར་ཕྱིར་བསགས་པའི་སྡིག་པ་རང་ལ་ཡོང་།།
གཤིན་རྗེའི་གཤེད་མས་ཁྲིམས་རར་ཁྲིད་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ངན་སོང་གསུམ་གྱི་གཡང་སར་ལྷུངས་པའི་ཚེ།།
རྣམ་ཤེས་རྟེན་མེད་བྱ་སྒྲོ་རླུང་ཁྱེར་འདྲ།།
དབང་མེད་བར་དོའི་འཕྲང་ལ་འཁྲིད་པའི་ཚེ།།
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཚེ་སྟོད་འདི་ནི་སྙོམ་ལས་ངང་ལ་སོང་།།
ཚེ་སྨད་འདི་ལ་ལེ་ལོ་མི་བྱེད་ཅིང་།།
ཚེ་དང་སྒྲུབ་པ་མཉམ་པའི་ཞེན་བཅད་ཤོག །
སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ།།
འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས།།

ཅེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་སྐྱབས་ཐུགས་རྗེ་མ་རྫོགས་སོ།། སརྦ་མངྒ་ལཾ།།

[pdf]
[epub]
[mobi]
[print]