The Emetic that Expels the Inner Pathosis – Tibetan

༄༅། །ནང་གི་ཁོང་སྐྲན་འདོན་པའི་སྐྱུག་སྨན།།
རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།

འཇིག་རྟེན་དབང་ཕྱུག་བཤེས་གཉེན་ཚུལ་བཟུང་ནས། །
གངས་རིའི་ཁྲོད་འདིར་བསྟན་པ་རྒྱས་མཛད་པ། །
བཀའ་དྲིན་མཉམ་མེད་རྗེ་བཙུན་ཐམས་ཅད་མཁྱེན། །
འགྲོ་བའི་མགོན་པོ་བླ་མའི་ཞབས་ལ་འདུད། །
རྗེས་འཇུག་དད་པོ་རྣམས་ལ་ཐུགས་རྗེས་གཟིགས། །
བློ་ཁ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །

སྔོན་ཆད་བྱས་པའི་རང་གི་སྤྱོད་ཚུལ་ལ། །
མཛུབ་མོ་ནང་དུ་བཀུག་ནས་བསམས་པའི་ཚེ། །
སེང་ལྤགས་གྱོན་པའི་ཝ་སྐྱེས་ཇི་བཞིན་དུ། །
ཆོས་པར་བརྫུས་ནས་ཆོས་མིན་བྱས་པས་འགྱོད། །
ཆོས་པའི་གཟུགས་བརྙན་བདག་ལ་ཐུགས་རྗེས་གཟིགས། །
ཕྱིན་ཆད་ཆོས་བཞིན་སྒྲུབ་པར་བྱིན་གྱིས་རློབས། །

མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ལགས་ཀྱང༌། །
སངས་རྒྱས་དངོས་ཀྱི་འདུ་ཤེས་མ་སྐྱེས་པས། །
གསེར་དངུལ་ཁྲོད་དུ་སློག་ཧྲུལ་དྲུད་པ་བཞིན། །
ཡོན་ཏན་བོར་ནས་སྐྱོན་འདོགས་བྱས་པས་འགྱོད། །
སྐལ་ཆད་ལོག་ལྟ་མཁན་ལ་ཐུགས་རྗེས་གཟིགས། །
དད་གུས་རྩོལ་མེད་སྐྱེ་བར་བྱིན་གྱིས་རློབས། །

དལ་བརྒྱད་འབྱོར་བཅུའི་རྟེན་བཟང་ཐོབ་ལགས་ཀྱང༌། །
རྙེད་དཀའ་དོན་ཆེ་སྙིང་ནས་མ་དྲན་པས། །
རིན་ཆེན་གླིང་ནས་མེད་ཟད་སླར་ལོག་བཞིན། །
དོན་མེད་ངང་ལ་མི་ཚེ་ཟད་པས་འགྱོད། །
དལ་འབྱོར་སྟོང་ལོག་མཁན་ལ་ཐུགས་རྗེས་གཟིགས། །
ཚེ་ལྷག་དོན་ལྡན་བྱེད་པར་བྱིན་གྱིས་རློབས། །

སྐྱེས་མཐའ་འཆི་བར་གསུངས་པ་གོ་ལགས་ཀྱང༌། །
ནམ་འཆི་ཆ་མེད་སྙིང་ནས་མ་དྲན་པས། །
རང་དབང་ཐོབ་པའི་གདེངས་ཤིག་ཡོད་པ་བཞིན། །
རྣམ་གཡེང་གཉིད་ཀྱིས་ཉིན་མཚན་འདས་པས་འགྱོད། །
རྟག་འཛིན་ཕྱི་བཤོལ་མཁན་ལ་ཐུགས་རྗེས་གཟིགས། །
ལོང་མེད་བརྩོན་འགྲུས་རྩོམ་པར་བྱིན་གྱིས་རློབས། །

ལས་འབྲས་རྣམ་དབྱེ་ཅུང་ཟད་ཤེས་ལགས་ཀྱང༌། །
ཡིད་ཆེས་དད་པ་གཏིང་ནས་མ་སྐྱེས་པས། །
མིག་ཅན་གཡང་ལ་མཆོང་བ་ཇི་བཞིན་དུ། །
ཤེས་བཞིན་ལས་འབྲས་ཁྱད་དུ་བསད་པས་འགྱོད། །
ངོ་ཚ་ཁྲེལ་མེད་བདག་ལ་ཐུགས་རྗེས་གཟིགས། །
སྡིག་སྤོང་དགེ་བ་སྒྲུབ་པར་བྱིན་གྱིས་རློབས། །

སྐྱེས་བུ་ཆུང་ངུའི་སྐབས་ཏེ་དང་པོའོ།།

ཐོག་མེད་དུས་ནས་སྲིད་པའི་འདམ་དུ་བྱིང༌། །
ལས་ཉོན་སྡུག་བསྔལ་དུ་མས་མནར་ལགས་ཀྱང༌། །
མི་གཙང་ཁྲོད་ལ་དགའ་བའི་སྦྲང་བུ་བཞིན། །
ད་དུང་སྙིང་ནས་ཐར་འདོད་མེད་པས་འགྱོད། །
འཁོར་བར་གཏན་འཁྱམས་བདག་ལ་ཐུགས་རྗེས་གཟིགས། །
ཐར་པའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །

སྐྲ་བྲེགས་གོས་བསྒྱུར་རབ་བྱུང་བྱས་ལགས་ཀྱང༌། །
འཁོར་འདས་སྐྱོན་ཡོན་སྙིང་ནས་མ་བསམས་པས། །
སེར་གོས་གྱོན་པའི་ཞིང་པ་ཇི་བཞིན་དུ། །
ད་དུང་ཁྱིམ་པའི་སེམས་མ་སྤངས་པས་འགྱོད། །
རབ་བྱུང་གཟུགས་བརྙན་བདག་ལ་ཐུགས་རྗེས་གཟིགས། །
ངེས་འབྱུང་རྣམ་དག་སྐྱེ་བར་བྱིན་གྱིས་རློབས། །

མཁན་སློབ་སྤྱན་སྔར་བསླབ་སྡོམ་བླངས་ལགས་ཀྱང༌། །
དྲན་དང་ཤེས་བཞིན་བག་ཡོད་མ་བསྟེན་པས། །
ལྕགས་ཀྱུ་མེད་པའི་གླང་ཆེན་སྨྱོན་པ་བཞིན། །
ཉེས་ལྟུང་དུ་མའི་འདམ་དུ་བྱིང་བས་འགྱོད། །
བཙུན་པའི་གཟུགས་བརྙན་བདག་ལ་ཐུགས་རྗེས་གཟིགས། །
ཉོན་མོངས་གཉེན་པོ་དྲན་པར་བྱིན་གྱིས་རློབས། །

བཀའ་དང་བསྟན་བཅོས་མན་ངག་ཉན་ལགས་ཀྱང༌། །
དོན་གོ་སེམས་ཀྱི་ཐོག་ཏུ་མ་ཁེལ་བས། །
རི་མོར་བྲིས་པའི་ཆོས་ཉན་ཇི་བཞིན་དུ། །
སེམས་ལ་ཡར་སྐྱེད་ཅུང་ཟད་མེད་པས་འགྱོད། །
ཉམས་ལེན་འདྲེས་ཁྱེར་བདག་ལ་ཐུགས་རྗེས་གཟིགས། །
གང་ཤེས་རྒྱུད་ལ་སྦྱོར་བར་བྱིན་གྱིས་རློབས། །

གཞན་གྱི་མིག་སྔར་ཕྱི་ཚུལ་བཅོས་ལགས་ཀྱང༌། །
ནང་གི་གཡོ་སྒྱུ་ཁྲམ་སོགས་མ་སྤངས་པས། །
ཆུ་སྐྱར་བྱི་ལའི་སྤྱོད་པ་ཇི་བཞིན་དུ། །
ཟོག་གིས་རང་གཞན་གཉིས་ཀ་བསླུས་པས་འགྱོད། །
ཕྱི་ཚུལ་ཚུལ་འཆོས་མཁན་ལ་ཐུགས་རྗེས་གཟིགས། །
ནང་གི་ཁོང་སྐྲན་ཐོན་པར་བྱིན་གྱིས་རློབས། །

ཕྱིར་བཅོས་དག་ལ་འབད་ལོ་བྱས་ལགས་ཀྱང༌། །
འགྱོད་ཅིང་སྡོམ་སེམས་སྙིང་ནས་མ་སྐྱེས་པས། །
ཉི་མས་གདུངས་པའི་གླང་ཆེན་འཁྲུས་བཞིན་དུ། །
ཉེས་ལྟུང་དུ་མས་ཡང་ཡང་གོས་པས་འགྱོད། །
ངན་འགྲོའི་རྒྱུ་སོག་བདག་ལ་ཐུགས་རྗེས་གཟིགས། །
སྟོབས་བཞིའི་བཤགས་པ་བྱེད་པར་བྱིན་གྱིས་རློབས། །

ས་བུ་འབྲིང་གི་སྐབས་ཏེ་གཉིས་པའོ།།

ཐེག་ཆེན་ཆོས་སྒོར་ཞུགས་ལོ་བྱས་ལགས་ཀྱང༌། །
འགྲོ་དྲུག་ཕ་མར་སྙིང་ནས་མ་དྲན་པས། །
རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་བཞིན། །
དྲིན་ཅན་མ་རྣམས་ཡལ་བར་དོར་བས་འགྱོད། །
བྱང་སེམས་གཟུགས་བརྙན་བདག་ལ་ཐུགས་རྗེས་གཟིགས། །
བདག་པས་གཞན་གཅེས་འབྱོངས་པར་བྱིན་གྱིས་རློབས། །

ཟབ་དོན་ལྟ་ཁྲིད་བསྒོམ་ལོ་བྱས་ལགས་ཀྱང༌། །
དངོས་འཛིན་འཁྲུལ་པའི་བག་ཆགས་ཚན་ཆེས་བས། །
མཚོ་འཁྱགས་ཐོག་ཏུ་ཆུ་རྒྱུན་བཀྲམ་པ་བཞིན། །
བདག་ཏུ་འཛིན་པ་སྦྲམ་པོར་ལུས་པས་འགྱོད། །
ལྟ་བ་ཁ་བཤད་མཁན་ལ་ཐུགས་རྗེས་གཟིགས། །
བདག་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །

སྐྱེས་བུ་ཆེན་པོའི་སྐབས་ཏེ་གསུམ་པའོ།།

གསང་སྔགས་ཆོས་སྒོར་ཞུགས་ལོ་བྱས་ལགས་ཀྱང༌། །
དམ་ཚིག་སྲོག་དང་བསྡོས་ཏེ་མ་བསྲུངས་པས། །
འགྲམ་རྩེ་ཟད་པའི་ཁང་རུལ་ཇི་བཞིན་དུ། །
དངོས་གྲུབ་ཀུན་གྱི་སྒྲུབ་གཞི་སྟོར་བས་འགྱོད། །
དམྱལ་བའི་བུད་ཤིང་བདག་ལ་ཐུགས་རྗེས་གཟིགས། །
དམ་ཚིག་ཚུལ་བཞིན་སྲུང་བར་བྱིན་གྱིས་རློབས། །

བསྐྱེད་རྫོགས་ཟབ་མོ་སྒོམ་ལོ་བྱས་ལགས་ཀྱང༌། །
མཉམ་གཞག་སེམས་ལ་བརྟན་པ་མ་ཐོབ་པས། །
སྨྲ་མཁན་ནེ་ཙོའི་འདོན་པ་ཇི་བཞིན་དུ། །
དགེ་སྦྱོར་ཕལ་ཆེར་སྒྲ་སྤྱིར་སོང་བས་འགྱོད། །
སྔགས་པའི་གཟུགས་བརྙན་བདག་ལ་ཐུགས་རྗེས་གཟིགས། །
ཉམས་ལེན་གནད་ལ་མཁས་པར་བྱིན་གྱིས་རློབས། །

གསང་སྔགས་ལ་འཇུག་པའི་སྐབས་ཏེ་བཞི་པའོ།།

གཞན་ལ་ཟབ་ཆོས་འཆད་ལོ་བྱས་ལགས་ཀྱང༌། །
རང་གི་རྒྱུད་ལ་ཉམས་མྱོང་མ་མཆིས་པས། །
གླུ་མཁན་བྲོ་པའི་ཆོས་བཤད་ཇི་བཞིན་དུ། །
གཞན་ལ་ཕན་ཐོགས་ཅུང་ཟད་མེད་པས་འགྱོད། །
དྲེད་པོ་ཆོས་རྒྱུས་མཁན་ལ་ཐུགས་རྗེས་གཟིགས། །
ཐོག་མར་རང་རྒྱུད་འདུལ་བར་བྱིན་གྱིས་རློབས། །

གཞན་གྱི་ཡར་འདྲེན་བྱེད་ལོ་བྱས་ལགས་ཀྱང༌། །
རང་གི་སེམས་ལ་རང་དབང་མ་ཐོབ་པས། །
ལོང་བས་ལོང་བ་འཁྲིད་པ་ཇི་བཞིན་དུ། །
རང་གཞན་གཉིས་ཀ་ཕུང་ལ་གཏད་པས་འགྱོད། །
འཁོས་མེད་བཟང་བརྫུ་མཁན་ལ་ཐུགས་རྗེས་གཟིགས། །
བསླུ་མེད་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །

གཞན་ཕན་འགྲོ་དོན་གྱི་སྐབས་ཏེ་ལྔ་པའོ།།

ཆོས་སྒོར་ཞུགས་ནས་ཡུན་རིང་ལོན་ལགས་ཀྱང༌། །
ཚེ་འདིའི་ཁོང་སྐྲན་ནང་ནས་མ་ཐོན་པས། །
མར་གྱི་ཀོགས་དང་ཆུ་རྡོ་ཇི་བཞིན་དུ། །
ད་དུང་རང་རྒྱུད་རྗེན་པར་ལུས་པས་འགྱོད། །
སེམས་དང་ཆོས་མ་འདྲེས་ལ་ཐུགས་རྗེས་གཟིགས། །
ཚེ་འདི་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །

ཤིན་ཏུ་འཇུ་དཀའི་དད་ཟས་གཤིན་ཟས་སོགས། །
གདེངས་མེད་བཞིན་དུ་འཛེམ་མེད་སྤྱད་ལགས་ཀྱང༌། །
འཇལ་རྒྱུ་མེད་པའི་དབུལ་པོའི་བུ་ལོན་བཞིན། །
ལན་ཆགས་བུ་ལོན་ཁུར་གྱིས་ནོན་པས་འགྱོད། །
དཀོར་གྱི་ཕུང་པོ་བདག་ལ་ཐུགས་རྗེས་གཟིགས། །
དཀོར་སྦྱོངས་ཚུལ་བཞིན་བྱེད་པར་བྱིན་གྱིས་རློབས། །

མཐོ་མཉམ་དམན་པའི་གྲོགས་དང་འགྲོགས་ལགས་ཀྱང༌། །
དག་པའི་སྣང་བ་སྐད་ཅིག་མ་འབྱོངས་པས། །
ཕན་ཚུན་གཡུལ་དུ་ཞུགས་པའི་དགྲ་བོ་བཞིན། །
ཕྲག་དོག་འགྲན་སེམས་ང་རྒྱལ་བྱས་པས་འགྱོད། །
རྒྱུད་ངན་རེངས་པ་བདག་ལ་ཐུགས་རྗེས་གཟིགས། །
ཀུན་ལ་དག་སྣང་འབྱོངས་པར་བྱིན་གྱིས་རློབས། །

ལས་ངན་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །
ཀུན་དང་བསྟུན་ན་དམ་པའི་ཆོས་དང་འགལ། །
ཆོས་དང་བསྟུན་ན་སྐྱེ་བོ་ཀུན་དང་འགལ། །
ཇི་ལྟར་བྱས་ཀྱང་ཁོན་དུ་གྱུར་པས་འགྱོད། །
འདི་ཕྱི་གཉིས་མེད་བདག་ལ་ཐུགས་རྗེས་གཟིགས། །
ཅི་བྱས་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །

སྔོན་ཆད་བསགས་པ་སྡིག་པའི་ལས་ལས་མེད། །
ཕྱི་མའི་འགྲོ་ས་ངན་སོང་ཁོ་ནར་ངེས། །
དེ་ཕྱིར་ཁ་ཙམ་ཚིག་ཙམ་མ་ཡིན་པའི། །
སྙིང་ཁོང་རུས་པའི་གཏིང་ནས་གནོང་ཞིང་འགྱོད། །
ཐ་ཆད་སྙིང་རེ་རྗེ་ལ་ཐུགས་རྗེས་གཟིགས། །
ངན་འགྲོའི་སྐྱེ་སྒོ་ཁེགས་པར་བྱིན་གྱིས་རློབས། །

སྣང་ཚུལ་འདི་འདྲ་གཞན་ལའང་ཡོད་སྲིད་ན། །
དོན་སྙིང་ནང་ནས་རུལ་བར་ཐེ་ཚོམ་མེད། །
འཆི་ཁར་མི་འགྱོད་ཙམ་རེ་མ་བྱུང་ན། །
རང་གིས་རང་ཉིད་བསླུས་པར་གདོན་མི་ཟ། །
བདག་དང་བདག་འདྲའི་འགྲོ་ལ་ཐུགས་རྗེས་གཟིགས། །
རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །

སྔོན་ཆད་སྙིང་དུ་གཅེས་པར་བཟུང་བ་རྣམས། །
སྦུན་པར་སོང་བ་ད་གཟོད་ཅུང་ཟད་ཤེས། །
ད་ནི་ཚེ་འདིའི་མདུན་མ་རླུང་ལ་བསྐུར། །
ཉིན་མཚན་དལ་མེད་ཆོས་ལ་འབད་པར་སྨོན། །
ཐུགས་རྗེས་གཟིགས་ཤིང་བླ་མ་ཡི་དམ་ལྷ། །
གསོལ་བཏབ་དོན་རྣམས་འགྲུབ་པར་བྱིན་གྱིས་རློབས། །

སླར་ཡང་སྐྱོན་གྱི་ཁོང་ནད་ལྷག་མ་རྣམས་ཕྱིར་ཕྱུང་ནས། །
གཉེན་པོའི་ལུས་ཟུངས་གསོ་བའི་སྐབས་ཏེ་དྲུག་པའོ། །

       ཞེས་བླ་མ་ཡི་དམ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ། ནང་གི་ཁོང་སྐྲན་འདོན་པའི་སྐྱུག་སྨན་ཞེས་བྱ་བ་འདི་ནི། བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཆོས་གྲྭ་ཆེན་པོ་ལྷུན་གྲུབ་བདེ་ཆེན་གྱི་གཟིམས་ཆུང་འོག་མིན་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ།། །།མངྒ་ལཾ།།

[pdf]
[epub]
[mobi]
[print]