Essence of the Thorough Praises to the Thirty-Five Sugatas – Tibetan

བདེ་གཤེགས་སོ་ལྔ་ལ་བསྟོད་པའི་རབ་ཏུ་བྱེད་པ་ཞེས་བྱ་བ་བཞུགས་སོ།།
ཆོས་ལྡན་རིན་པོ་ཆེ་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོས།

༄༅། །ན་མོ་གུ་རུ་ཙཱ་དྷི་ཏྲ་ཡཱ་ཡ།།

གསེར་གྱི་མདོག་ཅན་ས་གནོན་མཉམ་གཞག་མཛད།།
བསྐལ་པ་ཆིག་ཁྲིའི་སྡིག་པ་སྦྱོང་མཛད་ཅིང་།།
མི་མཇེད་འཇིག་རྟེན་ཁམས་ཀྱི་དཔལ་གྱུར་པ།།
འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ།།

སྐུ་མདོག་སེར་པོ་ཕྱག་གཉིས་ཆོས་འཆད་མཛད།།
བསྐལ་པ་ཆིག་ཁྲིའི་སྡིག་པ་སྦྱོང་མཛད་ཅིང་།།
སྟེང་ཕྱོགས་ནམ་མཁའི་སྙིང་པོའི་ཞིང་གི་དཔལ།།
རྡོ་རྗེ་སྙིང་པོས་རབ་འཇོམས་ལ་ཕྱག་འཚལ།།

སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་གཞག་མཛད།།
བསྐལ་པ་སུམ་ཁྲི་ཆིག་སྟོང་སྡིག་པ་སྦྱོང་།།
ཤར་ཕྱོགས་རིན་ཆེན་ཡོད་པའི་ཞིང་གི་དཔལ།།
མུན་སེལ་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ།།

མཐིང་ཁ་ཞལ་དཀར་ཀླུ་འདུལ་ཕྱག་རྒྱ་ཅན།།
བསྐལ་པ་བརྒྱད་ཀྱི་སྡིག་པ་སྦྱོང་མཛད་ཅིང་།།
ཤར་ལྷོ་ཀླུ་ཡིས་ཁྱབ་པའི་ཞིང་གི་དཔལ།།
ཆོས་དབྱིངས་ཀླུ་དབང་རྒྱལ་པོ་ལ་ཕྱག་འཚལ།།

སྐུ་མདོག་སེར་པོ་སྐྱབས་སྦྱིན་ཐལ་མོ་གཟུར།།
འཁྱལ་བའི་ངག་གི་སྡིག་པ་སྦྱོང་མཛད་ཅིང་།།
ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་གི་དཔལ།།
མུན་འཇོམས་དཔའ་བོའི་སྡེ་ལ་ཕྱག་འཚལ།།

སྐུ་མདོག་སེར་པོ་ཕྱག་གཉིས་ཆོས་འཆད་མཛད།།
ཡིད་ཀྱི་སྡིག་པ་མ་ལུས་སྦྱོང་མཛད་ཅིང་།།
ལྷོ་ནུབ་དགའ་བ་དང་ལྡན་ཞིང་གི་དཔལ།།
ཆོས་ཀྱི་དགའ་བའི་དཔལ་དགྱེས་ལ་ཕྱག་འཚལ།།

སྐུ་མདོག་དམར་མོ་ས་གནོན་མཉམ་གཞག་མཛད།།
དགེ་འདུན་སྐོར་ལ་འབགས་པའི་སྡིག་པ་སྦྱོང་།།
ནུབ་ཕྱོགས་སྣང་བ་དང་ལྡན་ཞིང་གི་དཔལ།།
སྲེག་མཛད་རིན་ཆེན་མེ་ལ་ཕྱག་འཚལ་ལོ།།

སྐུ་མདོག་དཀར་པོ་ས་གནོན་མཉམ་གཞག་མཛད།།
བསྐལ་པ་གཅིག་གི་སྡིག་པ་སྦྱོང་མཛད་ཅིང་།།
ནུབ་བྱང་འོད་བཟང་ཞིང་གི་དཔལ་གྱུར་པ།།
མུན་སེལ་རིན་ཆེན་ཟླ་འོད་ལ་ཕྱག་འཚལ།།

སྐུ་མདོག་ལྗང་ཁུ་སྐྱབས་སྦྱིན་ཐལ་མོ་གཟུར།།
འཕགས་པར་སྐུར་བཏབ་སྡིག་པ་སྦྱོང་མཛད་ཅིང་།།
བྱང་ཕྱོགས་རྔ་སྒྲའི་ཞིང་གི་དཔལ་གྱུར་པ།།
ཆོས་བསྟན་མཐོང་བ་དོན་ཡོད་ལ་ཕྱག་འཚལ།།

སྐུ་མདོག་དཀར་པོ་ཕྱག་གཉིས་ཆོས་འཆད་མཛད།།
མ་བསད་སྡིག་པ་མ་ལུས་སྦྱོང་མཛད་ཅིང་།།
བྱང་ཤར་འོད་ཟེར་ཅན་གྱི་ཞིང་གི་དཔལ།།
བསིལ་སྤྲོ་རིན་ཆེན་ཟླ་བ་ལ་ཕྱག་འཚལ།།

སྐུ་མདོག་མཐིང་ཁ་ཕྱག་གཉིས་མཉམ་གཞག་མཛད།།
ཕ་བསད་སྡིག་པ་མ་ལུས་སྦྱོང་མཛད་ཅིང་།།
འོག་ཕྱོགས་ཐལ་བས་ཁྱབ་པའི་ཞིང་གི་དཔལ།།
མཐོང་སྒོམ་དྲི་མ་མེད་པ་ལ་ཕྱག་འཚལ།།

སྐུ་མདོག་སེར་པོ་ཕྱག་གཉིས་ཆོས་འཆད་མཛད།།
དགྲ་བཅོམ་བསད་པའི་སྡིག་པ་སྦྱོང་མཛད་ཅིང་།།
སྟེང་ཕྱོགས་དཔལ་དང་ལྡན་པའི་ཞིང་གི་དཔལ།།
སྒྲིབ་མེད་ཡེ་ཤེས་དཔལ་སྦྱིན་ལ་ཕྱག་འཚལ།།

སྐུ་མདོག་སེར་པོ་ས་གནོན་མཉམ་གཞག་མཛད།།
དགེ་འདུན་དབྱེན་གྱི་སྡིག་པ་སྦྱོང་མཛད་ཅིང་།།
ཤར་ཕྱོགས་སྒྲིབ་པ་དང་བྲལ་ཞིང་གི་དཔལ།།
སྒྲིབ་མེད་རབ་གཙང་ཚངས་པ་ལ་ཕྱག་འཚལ།།

སྐུ་མདོག་དམར་པོ་ཕྱག་གཉིས་ཆོས་འཆད་མཛད།།
བདེ་གཤེགས་ཁྲག་འབྱིན་སྡིག་པ་སྦྱོང་མཛད་ཅིང་།།
ཤར་ལྷོ་མྱ་ངན་མེད་པའི་ཞིང་གི་དཔལ།།
རྒྱལ་མང་ཚངས་པའི་བྱིན་ལ་ཕྱག་འཚལ་ལོ།།

སྐུ་མདོག་དཀར་པོ་ཕྱག་གཉིས་མཉམ་གཞག་མཛད།།
དགྲ་བཅོམ་སུན་ཕྱུང་སྡིག་པ་སྦྱོང་མཛད་ཅིང་།།
ལྷོ་ཕྱོགས་དྲི་མ་མེད་པའི་ཞིང་གི་དཔལ།།
ཉོན་མོངས་དྲི་འཁྲུད་ཆུ་ལྷ་ལ་ཕྱག་འཚལ།།

སྐུ་མདོག་དཀར་པོ་ཕྱག་གཉིས་ཆོས་འཆད་མཛད།།
བྱང་སེམས་ངེས་གནས་བསད་པའི་སྡིག་པ་སྦྱོང་།།
ལྷོ་ནུབ་གསལ་བའི་ཞིང་གི་དཔལ་གྱུར་པ།།
དྲི་འཁྲུད་ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ།།

སྐུ་མདོག་སེར་པོ་སྐྱབས་སྦྱིན་ཐལ་མོ་གཟུར།།
སློབ་དཔོན་བསད་པའི་སྡིག་པ་སྦྱོང་མཛད་ཅིང་།།
ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་དཔལ།།
དོན་གཉིས་ཕུན་ཚོགས་དཔལ་བཟང་ལ་ཕྱག་འཚལ།།

སྐུ་མདོག་དཀར་པོ་ས་གནོན་མཉམ་གཞག་མཛད།།
དགེ་འདུན་འདུ་སྒོ་བཀག་པའི་སྡིག་པ་སྦྱོང་།།
ནུབ་བྱང་དྲི་བཟང་གིས་ཁྱབ་ཞིང་གི་དཔལ།།
གདུང་སེལ་ཙནྡན་དཔལ་ལ་ཕྱག་འཚལ་ལོ།།

སྐུ་མདོག་དམར་པོ་ཕྱག་གཉིས་ཆོས་འཆད་མཛད།།
མཆོད་རྟེན་བཤིགས་པའི་སྡིག་པ་སྦྱོང་མཛད་ཅིང་།།
བྱང་ཕྱོགས་གཟི་བརྗིད་དང་ལྡན་ཞིང་གི་དཔལ།།
ཞིང་འགེངས་གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ།།

སྐུ་མདོག་མཐིང་ཁ་ཕྱག་གཉིས་ཆོས་འཆད་མཛད།།
ཞེ་སྡང་གིས་བསགས་སྡིག་པ་སྦྱོང་མཛད་ཅིང་།།
བྱང་ཤར་དོན་ཡོད་ལྡན་པའི་ཞིང་གི་དཔལ།།
རང་བཞིན་རྣམ་དག་འོད་དཔལ་ལ་ཕྱག་འཚལ།།

སྐུ་མདོག་དམར་སྐྱ་ཕྱག་གཉིས་མཉམ་གཞག་མཛད།།
འདོད་ཆགས་ཀྱིས་བསགས་སྡིག་པ་སྦྱོང་མཛད་ཅིང་།།
འོག་ཕྱོགས་སྒྲིབ་པ་དང་བྲལ་ཞིང་གི་དཔལ།།
སྡུག་ཀུན་མྱ་ངན་མེད་དཔལ་ལ་ཕྱག་འཚལ།།

སྐུ་མདོག་སེར་པོ་ཕྱག་གཉིས་ཆོས་འཆད་མཛད།།
བསྐལ་པ་ཆིག་ཁྲིའི་སྡིག་པ་སྦྱོང་མཛད་ཅིང་།།
སྟེང་ཕྱོགས་སྲེད་པ་དང་བྲལ་ཞིང་གི་དཔལ།།
འགྲན་བྲལ་སྲེད་མེད་བུ་ལ་ཕྱག་འཚལ་ལོ།།

སྐུ་མདོག་སེར་པོ་སྐྱབས་སྦྱིན་ཐལ་མོ་གཟུར།།
བསྐལ་བ་འབུམ་གྱི་སྡིག་པ་སྦྱོང་མཛད་ཅིང་།།
ཤར་ཕྱོགས་མེ་ཏོག་ཆེར་རྒྱས་ཞིང་གི་དཔལ།།
ཡིད་འོང་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ།།

སྐུ་མདོག་སེར་པོ་ས་གནོན་མཉམ་གཞག་མཛད།།
བསྐལ་པ་སྟོང་གི་སྡིག་པ་སྦྱོང་མཛད་ཅིང་།།
ཤར་ལྷོ་ཚངས་པས་ཁྱབ་པའི་ཞིང་གི་དཔལ།།
ཚངས་པའི་འོད་ཟེར་རྣམ་རོལ་ལ་ཕྱག་འཚལ།།

སྐུ་མདོག་དམར་པོ་ས་གནོན་མཉམ་གཞག་མཛད།།
བསྐལ་པ་བདུན་གྱི་སྡིག་པ་སྦྱོང་མཛད་ཅིང་།།
ལྷོ་ཕྱོགས་པདྨ་དང་ལྡན་ཞིང་གི་དཔལ།།
པདྨའི་འོད་ཟེར་རྣམ་རོལ་ལ་ཕྱག་འཚལ།།

སྐུ་མདོག་མཐིང་ག་ཕྱག་གཉིས་མཉམ་གཞག་མཛད།།
བག་ཆགས་ཀྱི་ནི་སྡིག་པ་སྦྱོང་མཛད་ཅིང་།།
ལྷོ་ནུབ་ནོར་བུ་ཡོད་པའི་ཞིང་གི་དཔལ།།
འཕགས་ནོར་གྱིས་ཕྱུག་ནོར་དཔལ་ལ་ཕྱག་འཚལ།།

སྐུ་མདོག་སེར་པོ་ཕྱག་གཉིས་མཉམ་གཞག་མཛད།།
ལུས་ཀྱི་སྡིག་པ་མ་ལུས་སྦྱོང་མཛད་ཅིང་།།
ནུབ་ཕྱོགས་གསལ་བ་དང་ལྡན་ཞིང་གི་དཔལ།།
ལུས་ཚོར་སེམས་ཆོས་དྲན་དཔལ་ལ་ཕྱག་འཚལ།།

སྐུ་མདོག་དཀར་པོ་ཆོས་འཆད་མཉམ་གཞག་མཛད།།
སངས་རྒྱས་འབྱུང་ལ་མི་དགའི་སྡིག་པ་སྦྱོང་།།
ནུབ་བྱང་མཚན་མ་མེད་པའི་ཞིང་གི་དཔལ།།
མཚན་དཔལ་ཤིན་ཏུ་ཡོངས་གྲགས་ལ་ཕྱག་འཚལ།།

མཐིང་ཁ་གཡས་པས་རྒྱལ་མཚན་གཡོན་མཉམ་གཞག །
ཕྲག་དོག་བྱས་པའི་སྡིག་པ་སྦྱོང་མཛད་ཅིང་།།
བྱང་ཕྱོགས་དབང་པོ་གསལ་བའི་ཞིང་གི་དཔལ།།
དབང་པོ་ཏོག་གི་རྒྱལ་མཚན་ལ་ཕྱག་འཚལ།།

མཐིང་ཁ་གཡས་པས་རལ་གྲི་གཡོན་མཉམ་གཞག །
གཞན་ལ་བྱེད་བཅུག་སྡིག་པ་སྦྱོང་མཛད་ཅིང་།།
བྱང་ཤར་རོལ་པ་དང་ལྡན་ཞིང་གི་དཔལ།།
ཤིན་ཏུ་རྣམ་པར་གནོན་དཔལ་ལ་ཕྱག་འཚལ།།

མཐིང་ཁ་ཕྱག་གཉིས་གོ་ཁྲབ་སེར་པོ་འཛིན།།
ང་རྒྱལ་གྱིས་བསླངས་སྡིག་པ་སྦྱོང་མཛད་ཅིང་།།
འོག་ཕྱོགས་ཉོན་མོངས་མེད་པའི་ཞོང་གི་དཔལ།།
གཡུལ་ལས་ཤིན་ཏུ་རྣམ་རྒྱལ་ལ་ཕྱག་འཚལ།།

སྐུ་མདོག་མཐིང་ཁ་ཕྱག་གཉིས་ས་གནོན་མཛད།།
ཕྲ་མ་བྱས་པའི་སྡིག་པ་སྦྱོང་མཛད་ཅིང་།།
ཤར་ཕྱོགས་དཔལ་དང་ལྡན་པའི་ཞིང་གི་དཔལ།།
རྣམ་པར་གནོན་པས་གཤེགས་དཔལ་ལ་ཕྱག་འཚལ།།

སྐུ་མདོག་དམར་པོ་སྐྱབས་སྦྱིན་མཉམ་གཞག་མཛད།།
གཞན་བྱས་སྡིག་ལ་ཡི་རངས་སྡིག་པ་སྦྱོང་།།
ལྷོ་ཕྱོགས་སྣང་བ་བཀོད་པའི་ཞིང་གི་དཔལ།།
ཀུན་ནས་སྣང་བ་བཀོད་དཔལ་ལ་ཕྱག་འཚལ།།

སྐུ་མདོག་དམར་སེར་སྐྱབས་སྦྱིན་མཉམ་གཞག་མཛད།།
དམན་ཆོས་སྤངས་པའི་སྡིག་པ་སྦྱོང་མཛད་ཅིང་།།
ནུབ་ཕྱོགས་དཔལ་དང་ལྡན་པའི་ཞིང་གི་དཔལ།།
རིན་ཆེན་པདྨོ་རྣམ་གནོན་ལ་ཕྱག་འཚལ།།

སེར་པོ་མཉམ་གཞག་སྟེང་ན་རི་བོ་འཛིན།།
དམ་ཚིག་ཉམས་པའི་སྡིག་པ་སྦྱོང་མཛད་ཅིང་།།
བྱང་ཕྱོགས་རིན་ཆེན་ཞིང་གི་དཔལ་གྱུར་པ།།
འཁྲུལ་བྲལ་རི་དབང་རྒྱལ་པོར་ཕྱག་འཚལ་ལོ།།

བདེ་གཤེགས་སོ་ལྔས་སྔོན་ཚེ་བདག་ཅག་གི །
མཚན་ཐོས་དྲན་བརྗོད་ཕྱག་མཆོད་བྱེད་པ་དེའི།།
ལས་སྒྲིབ་འདི་དག་བྱང་བར་གྱུར་ཅིག་ཅེས།།
སྨོན་པའི་བདེན་འབྲས་བདག་ལ་མངོན་གསུམ་སྩོལ།།

       ཅེས་བདེ་གཤེགས་སོ་ལྔ་ལ་བསྟོད་པའི་རབ་ཏུ་བྱེད་སྙིང་པོ་ཞེས་བྱ་བ་འདི་ནི། སྐུ་མདོག་ཕྱག་མཚན་རྗེ་བདག་ཉིད་ཆེན་པོར་མདོ་དང་མཐུན་པར་ཞལ་ཡང་ཡང་གཟིགས་པ་དང་། མཚན་གྱི་ཕན་ཡོན་ཇོ་བོ་ཆེན་པོའི་བཞེད་པ་རྒྱལ་ཚབ་ཀྱི་གསུང་བཞིན་ལ། །ཞིང་ཁམས་ཀྱི་མཚན་རྒྱ་འགྲེལ་ལས་དྲངས་ཏེ་༧བསྐལ་བཟང་རྒྱ་མཚོས་སྩལ་བ་ལྟར་དང་། མཚན་དོན་སྒྲོལ་བའི་མགོན་པོའི་གསུང་བཞིན། རབ་རྒྱལ་སྣ་ཚོགས་དབྱིག་གི་མཁའ་སྤྲིན་ཅན་བཀྲ་ཤིས་ཟླ་བའི་དམར་ཕྱོགས་རྒྱལ་བ་གཉིས་པའི་རེས་གཟའ་འོད་ཟེར་བདུན་པ་ལྷ་མོ་སྣར་མ་ལ་རྩེན་པའི་འཆི་མེད་གྲུབ་པའི་སྦྱོར་བ་བཀྲིས་ཉི་བཅས་འཛོམས་པའི་ཉིན་བརྡ་སྤྲོད་ཀུན་བཤད་ཀྱི་མིང་ངག་དབང་བློ་གཏེར་དགྱེས་པའི་བློ་གྲོས་ལང་ཚོ་བཞད་པའི་སྡེས། སྨན་ལྗོངས་ས་ཡི་ཐིག་ལེ་ཤཱཀྱའི་རྒྱལ་པོའི་ཕོ་བྲང་ར་ས་དགའ་བཞི་འཕྲུལ་སྣང་གི་ཉེ་ཞོལ་དུ་བྲིས་པའོ།།

འདི་ལྟར་བསྐྲུན་པའི་རྣམ་དཀར་ནོར་བུའི་དཔལ།།
བསྟན་དང་གོ་བའི་བདེ་སྐྱིད་ཟུངས་སུ་སྨིན།།
དེ་ལས་བདག་སོགས་ཕ་མ་ཡིད་ཅན་ཀུན།།
སྒྲིབ་བྲལ་སྐུ་བཞིའི་དབང་ཕྱུག་ཐོབ་པར་ཤོག །

       ཅེས་པའང་ཕ་མའི་ཆེད་དུ་བྱེད་པོས་སོ། །དགེ་ལེགས་འཕེལ།།

༈ ན་མཿ སརྦ་ཏ་ཐ་ག་ཏ་ཧྲ໏་ད་ཡ། ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱཧཱ།།

       དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ལས་སྒྲིབ་སྦྱོང་བའི་གཟུངས་འདི་ལན་གཅིག་བཟླས་པས། བསྐལ་པ་འབུམ་ཕྲག་བརྒྱ་སྟོང་དུ་བསགས་པའི་སྡིག་པ་དག་པར་གསུངས་སོ། །མི་དབང་པཎྜི་ཏས། ཀུན་ཏི་གཟིགས་དང་སེངྒེའི་ང་རོ་དོན་གཅིག་པར་གསུངས་པ་ལྟར་ན། གོང་གི་ཤླཽཀ་དེ་དོན་གཅིག་པའི་དང་། གཞན་དུ་ངོ་བོ་གཅིག་པའི་གསོལ་འདེབས་སོ། །དུས་གསུམ་རྒྱལ་བ་ཀུན་གྱི་མཚན་ལས་འཇམ་དབྱངས་ཀུན་ཏུ་གཟིགས་པའི་མཚན་ལན་གཅིག་བརྗོད་པ་ཕན་ཡོན་ལྷག་པ་དང་། སེངྒེའི་ང་རོར་དད་པ་བསྐྱེད་པ་ཙམ་གྱིས་རྨད་བྱུང་བཀོད་པར་སྐྱེ་ཞིང་རྟེན་དེར་སྔགས་ཀྱི་ཚུལ་ཟབ་མོའི་ལྟ་བ་དང་འབྲེལ་བའི་ལམ་བཟང་མངོན་དུ་བྱེད་པའི་མཐུས། སྲིད་པ་གཞན་ཉིང་མཚམས་མི་སྦྱོར་བར་གསུངས་སོ། །ཤེས་བྱེད་བསམ་གྱིས་མི་ཁྱབ་ཀྱི་གནས་ལ་དད་པ་གལ་ཆེའོ།། །།

[pdf]
[epub]
[mobi]
[print]