A Mirror Clearly Revealing One’s Faults – Tibetan

༈ རང་མཚང་གསལ་བར་སྟོན་པའི་མེ་ལོང་བཞུགས།།
དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས།

རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ།།
གཅིག་བསྡུས་ངུར་སྨྲིག་གར་གྱི་རྣམ་རོལ་བ།།
ཐུགས་རྗེའི་གཏེར་ཆེན་རྗེ་བཙུན་བླ་མ་ལ།།
གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།།

རང་གི་སྒོ་གསུམ་སྤྱོད་པ་ལ་བརྟགས་ཚེ།།
ཆོས་དང་མཐུན་པ་འགའ་ཡང་མ་མཐོང་ཞིང་།།
ཆོས་མིན་སྤྱོད་པས་ཉིན་མཚན་དུས་འདའ་བ།།
ཆོས་པའི་གཟུགས་བརྙན་བདག་ལ་ཐུགས་རྗེས་གཟིགས།།

གཞོན་ནུའི་དུས་ནས་ཆོས་སྒོར་ཞུགས་ལགས་ཀྱང།།
ཆོས་ཀྱི་མྱོང་བ་གང་ཡང་མ་སྐྱེས་ཤིང།།
དཀོར་ནག་དུག་ཆོས་རང་རྒྱུད་རབ་ཏུ་ཚོས།།
ལྟོ་ཕྱིར་སྐྲ་བྲེགས་བདག་ལ་ཐུགས་རྗེས་གཟིགས།།

མདོ་སྔགས་གསུང་རབ་མང་པོར་སྦྱངས་ལགས་ཀྱང།།
རྒྱ་མཚོའི་ནང་གི་རྡོ་བ་ཇི་བཞིན་དུ།།
སེམས་ཀྱི་གཏིང་ལ་ཆོས་ཀྱི་རླན་མ་གོས།།
ཆོས་དྲེད་ཅན་ལ་བླ་མས་ཐུགས་རྗེས་གཟིགས།།

ཁ་ནས་དམ་ཆོས་སྙན་སྙན་བརྒྱ་སྨྲས་ཀྱང།།
སེམས་དང་ཆོས་གཉིས་མི་རོ་འཁུར་བ་ལྟར།།
རྒྱབ་བསྣོལ་ཉིད་དུ་སོང་བས་ཡིད་རེ་ཕམ།།
སེམས་དང་ཆོས་མ་འདྲེས་ལ་ཐུགས་རྗེས་གཟིགས།།

ཆོས་གོས་ངུར་སྨྲིག་ཟླུམ་གྱོན་མཛེས་ལགས་ཀྱང།།
ཤེས་རྒྱུད་མ་དུལ་རྭ་ལྟར་རངས་གྱུར་པ།།
ཞིང་པ་སེར་གོས་གྱོན་དང་ཁྱད་པར་ཅི།།
རྟགས་ཙམ་འཛིན་ལ་བླ་མས་ཐུགས་རྗེས་གཟིགས།།

རང་ཉིད་མ་དུལ་གཞན་ལ་ཆོས་བཤད་བྱེད།།
གར་འགྲོའི་གཏོལ་མེད་གཞན་གྱི་ཡར་འདྲེན་བྱེད།།
རང་མགོ་མི་ཐོན་མང་པོའི་ཚོགས་དཔོན་བྱེད།།
ཅོལ་ཆུང་བདག་ལ་བླ་མས་ཐུགས་རྗེས་གཟིགས།།

མང་དུ་ཐོས་ཀྱང་ཉམས་ལེན་གནད་ཀྱིས་དབུལ།།
རྟོག་དཔྱོད་མཁས་ཀྱང་རང་སྐྱོན་ངོས་མི་ཟིན།།
ཤེས་རབ་ཆེ་ཡང་ཉོན་མོངས་སྤོང་མི་ཤེས།།
འགལ་འདུའི་ཕུང་པོ་བདག་ལ་ཐུགས་རྗེས་གཟིགས།།

བཤེས་གཉེན་དམ་པ་མང་པོས་རྗེས་བཟུང་ཡང།།
ཅི་མཛད་ལེགས་པར་མ་བལྟས་སྐྱོན་རྟོག་བྱས།།
བཀའ་བཞིན་མ་བསྒྲུབས་རང་གི་འདོད་དབང་བཏང་།།
སྐལ་ཆད་བདག་ལ་བླ་མས་ཐུགས་རྗེས་གཟིགས།།

དོན་མེད་ཚེ་འདིའི་བྱ་བས་གཡེངས་གཡེངས་ནས།།
སྔོན་ཆད་དལ་བའི་རྟེན་བཟང་ཆུད་ཟོས་བྱས།།
འབད་པ་ཅི་བྱས་དོན་མེད་ལས་རོར་སོང།།
དལ་འབྱོར་སྟོང་ལོག་བདག་ལ་ཐུགས་རྗེས་གཟིགས།།

ངེས་མེད་གློ་བུར་འཆི་བ་མཐོང་བཞིན་དུ།།
རང་ཉིད་འཆི་བ་ཡིད་ལ་ཨེ་དྲན་པར།།
ཚེ་འདིར་ཆགས་པས་ངན་འགྲོའི་རྒྱུ་ཚོགས་བསྒྲུབ།།
དམྱལ་བའི་བུད་ཤིང་བདག་ལ་ཐུགས་རྗེས་གཟིགས།།

དྲན་ཤེས་བག་ཡོད་མེད་པས་ཁྲིམས་ལས་གཡེལ།།
ངེས་འབྱུང་མེད་པས་ཐར་ལམ་ཡལ་བར་དོར།།
ཅི་བྱས་ཉོན་མོངས་གཞན་དབང་ཉིད་དུ་སོང་།།
འཁོར་བའི་གཏིང་རྡོ་བདག་ལ་ཐུགས་རྗེས་གཟིགས།།

མཁན་སློབ་སྤྱན་སྔར་སྟོན་པ་དཔང་བཙུགས་ཏེ།།
དགེ་སྦྱོང་ཆོས་བཞི་སྒྲུབ་པར་ཁས་བླངས་ནས།།
བདག་བསྟོད་གཞན་སྨོད་འབའ་ཞིག་ལྷུར་ལེན་པ།།
ཁྲེལ་མེད་བདག་ལ་བླ་མས་ཐུགས་རྗེས་གཟིགས།།

གང་བྱུང་ཆོག་ཤེས་འཕགས་པའི་རིགས་བཞི་ལ།།
གནས་པར་བྱེད་ཅེས་ཁས་བླངས་དམ་བཅས་ནས།།
གཡོ་སྒྱུས་ལོག་འཚོ་སྒྲུབ་པ་ལྷུར་ལེན་པ།།
སྡིག་ལྡན་སེར་གཟུགས་ཅན་ལ་ཐུགས་རྗེས་གཟིགས།།

བཅས་དང་རང་བཞིན་ཁ་ན་མ་ཐོ་བ།།
མཐའ་དག་སྤོང་ཞེས་ཁས་བླངས་དམ་བཅས་ནས།།
མི་དགེ་བཅུ་ལའང་སྡོམ་སེམས་མི་བྱེད་པ།།
དགེ་སྦྱོང་ཆོམ་རྐུན་བདག་ལ་ཐུགས་རྗེས་གཟིགས།།

མཐོ་ལ་ཕྲག་དོག་མཉམ་ལ་འགྲན་སེམས་དང་།།
དམའ་ལ་ཁྱད་གསོད་གདུག་རྩུབ་ཀྱིས་གང་ཡང་།།
གཞན་གྱི་སྣང་ངོར་ཞི་དུལ་ཚུལ་འཆོས་ཅན།།
གཡོ་ཅན་བྱི་ལ་འདྲ་བ་བདག་ལ་གཟིགས།།

རྒྱལ་བ་སྲས་བཅས་སྤྱན་སྔར་སེམས་ཅན་ཀུན།།
བདག་གིས་སྒྲོལ་ཞེས་ཁས་བླངས་དམ་བཅས་ནས།།
གཞན་ལ་ཅིག་གནོད་བྱེད་པའི་ཁྲེལ་མེད་པོ།།
སྙིང་རྗེའི་ཡུལ་གྱུར་བདག་ལ་ཐུགས་རྗེས་གཟིགས།།

བྱམས་དང་སྙིང་རྗེ་ཡིད་ཀྱི་དགུ་ལ་ཡང་།།
མེད་ཀྱང་ཐེག་པ་ཆེན་པོར་མངོན་རློམ་བྱེད།།
ཀྱེ་མ་ཀྱི་ཧུད་བདག་འདྲ་ཅི་ཞིག་རུང་།།
མ་རུངས་བདག་ལ་བླ་མས་ཐུགས་རྗེས་གཟིགས།།

སྐྱེས་བུ་ཆུང་ངུའི་མྱོང་བའང་མ་སྐྱེས་ཤིང་།།
དམ་ཚིག་སྡོམ་པ་གང་ཡང་མ་སྲུང་ཡང་།།
ཐེག་པའི་ཡང་རྩེ་སྔགས་པར་རློམ་བྱེད་པ།།
སྙིང་རུལ་བདག་ལ་བླ་མས་ཐུགས་རྗེས་གཟིགས།།

ཆོས་ཀུན་གདོད་ནས་སྟོངས་པ་བདག་མེད་ཅིང་།།
སྣོད་བཅུད་དག་པ་རབ་འབྱམས་ཉིད་དོ་ཞེས།།
སྨྲ་བཞིན་གཞན་ལ་སྐྱོན་བརྗོད་ལྷུར་ལེན་པ།།
སྨྱོན་ཧམ་ཅན་ལ་བླ་མས་ཐུགས་རྗེས་གཟིགས།།

འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ།།
རེ་སའི་སྐྱབས་གནས་གཞན་དུ་མ་མཆིས་པས།།
ཐུགས་རྗེས་གཟིགས་ཤིག་གྲུབ་མཆོག་བླ་མ་རྗེ།།
བྱིན་གྱིས་རློབས་ཤིག་བྱམས་མགོན་ཐུགས་རྗེ་ཅན།།

རང་གི་རང་མཚང་གསལ་བར་བསྒྲགས་པ་འདིས།།
ཐུགས་རྗེ་ཆེ་མགོན་ཚོགས་རྣམས་དགྱེས་གྱུར་ཏེ།།
བདག་དང་མ་རྒན་འགྲོ་བ་མ་ལུས་པའི།།
ཉེས་པ་བག་ཆགས་བཅས་པ་དག་གྱུར་ཅིག།/p>

       ཅེས་པ་འདི་ནི་ཆུ་སྦྲུལ་ལོ་དབྱར་གནས་སྐབས་རང་གི་སྒོ་གསུམ་གྱི་སྤྱོད་པ་ལ་བརྟགས་ཚེ་དབེན་པའི་སྒྲིབ་ཤིང་དང་ཆོས་པའི་བཟང་རྫུས་བག་མེད་སྙོམ་ལས་ཀྱིས་ཉིན་མཚན་འདའ་བར་བྱེད་ཅིང་། ཆོས་དང་མཐུན་པ་གང་ཡང་མི་སྣང་བས་ཡི་མུག་སྟེ་རང་གི་རང་མཚང་གསལ་བར་སྒྲོགས་པའི་ཚུལ་དུ་དགེ་སློང་ཡེ་ཤེས་རྒྱལ་མཚན་གྱིས་ཡིད་ལ་གང་ཤར་བ་བཅོལ་དུ་བརྗོད་པའོ།། །།

[pdf]
[epub]
[mobi]
[print]