The Moonlight that Clears Away the Darkness of Negativities – Tibetan

༄༅། །སྡིག་མུན་སེལ་བྱེད་ཟླ་བའི་འོད་ཟེར།
རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས།

ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ།

དུས་གསུམ་ཕྱོགས་བཅུར་བཞུགས་པ་ཡི།།
སངས་རྒྱས་སྲས་དང་བཅས་རྣམས་ལ།།
བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།།
གུས་པས་སྐྱབས་སུ་མཆི་བར་བགྱི།།

བསླུ་མེད་སྐྱབས་ཀྱི་མཆོག་རྣམས་ལ།།
ཐལ་མོ་སྦྱར་ཏེ་གསོལ་བ་ནི།།
ཚེ་རབས་འདི་འམ་གཞན་དག་ཏུ།།
ཉོན་མོངས་དུག་གསུམ་དབང་གྱུར་པས།།
མཚམས་མེད་ལྔ་དང་ཉེ་པ་ལྔ།།
མི་དགེའི་ལམ་བཅུ་བགྱིས་པ་རྣམས།།
ལུས་དང་ངག་དང་ཡིད་སྒོ་ནས།།
བསམ་པ་ཐག་པས་མགོན་ལ་བཤགས།།

དཀོན་མཆོག་གསུམ་དང་བླ་མ་དང་།།
ཕ་མ་སོགས་དང་གཞན་དག་ལའང་།།
གནོད་ཅིང་འཚེ་བ་ཅི་བགྱིས་པ།།
ཐམས་ཅད་སྙིང་ནས་བཤགས་པར་བགྱི།།

འཇིགས་རུང་དམྱལ་བ་ཡི་དྭགས་དང་།།
དུད་འགྲོ་མཐའ་འཁོབ་ཀླ་ཀློ་དང་།།
གླེན་ལྐུགས་ལོག་ལྟ་ཅན་སོགས་སུ།།
སྐྱེ་འགྱུར་ལས་ངན་མ་ལུས་བཤགས།།

ནོར་དང་ལང་ཚོ་སྟོབས་སོགས་ཀྱི།།
ང་རྒྱལ་དྲེགས་པས་གཞན་དག་ལ།
བརྙས་ཤིང་རྣམ་པར་འཚེ་བྱས་པ།།
ཐམས་ཅད་ཀྱང་ནི་བཤགས་པར་བགྱི།།

མདོར་ན་མངོན་མཐོ་ངེས་ལེགས་དང་།།
ཀུན་མཁྱེན་ཡང་དག་འགྲུབ་པའི་གེགས།།
མི་ཤེས་དབང་གིས་བསགས་པ་རྣམས།།
ཤིན་ཏུ་འགྱོད་པའི་སེམས་ཀྱིས་བཤགས།།

བཅས་པ་དང་ནི་རང་བཞིན་གྱི།།
ཁ་ན་མ་ཐོ་སྡིག་པའི་ལས།།
བགྱིས་དང་བགྱིད་བསྩལ་ཡི་རང་བ།།
ཅི་མཆིས་ཡོངས་སུ་བཤགས་པར་བགྱི།།

ཐུགས་རྗེ་ཆེ་ལྡན་རྒྱལ་རྣམས་དང་།།
རྒྱལ་སྲས་བདག་ཉིད་ཆེ་རྣམས་ཀྱིས།།
སྡིག་ལྡན་བདག་ལ་བརྩེར་དགོངས་ལ།།
ཉེས་ཀུན་དག་པར་མཛད་དུ་གསོལ།།

སྔོན་ཆད་མི་དགེ་བགྱིས་པ་ལ།།
དུག་འཐུངས་བཞིན་དུ་འགྱོད་སེམས་ཀྱིས།།
སླན་ཆད་སྲོག་གི་ཕྱིར་ཡང་ནི།།
སྐད་ཅིག་ཙམ་ཡང་མི་བགྱིད་དོ།།

དེ་ལྟར་བཤགས་ཤིང་བསྡོམས་པ་ཡི།།
བསོད་ནམས་བདག་གིས་ཅི་ཐོབ་པ།།
དེས་ནི་བདག་དང་འགྲོ་བ་ཀུན།།
མྱུར་དུ་བྱང་ཆུབ་ཐོབ་གྱུར་ཅིག།།

       ཅེས། སྡིག་མུན་སེལ་བྱེད་ཟླ་བའི་འོད་ཟེར་ཞེས་བྱ་བ་འདི་ཡང་། ནང་སོ་བཀྲ་ཤིས་རབ་བརྟན་གྱིས། ནན་གྱིས་བསྐུལ་བ་ལ་བརྟེན་ནས། དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཐོགས་མེད་དུ་བགྱིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག །ཡི་གེ་པ་ནི་དགེ་ཚུལ་བློ་བཟང་དབང་རྒྱལ་ལོ།།

ཨོཾ་བདེ་ལེགས་སུ་གྱུར་ཅིག །

སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་།།
རྒྱལ་ཚབ་དམ་པ་མི་ཕམ་འཇམ་པའི་དབྱངས།།
ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་སོགས།།
རྩ་བརྒྱུད་བླ་མ་རྣམས་ལ་གུས་ཕྱག་འཚལ།།

བདག་གིས་དུས་གསུམ་བསགས་པའི་དགེ་བའི་མཐུས།།
སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་བ་ཀུན།།
རྟག་ཏུ་ལྷ་དང་མི་ཡི་རྟེན་ཐོབ་ནས།།
ཐར་པའི་གྲོང་ཁྱེར་དམ་པར་འཇུག་གྱུར་ཅིག།།

འདི་ལྟར་བསྐྲུན་པའི་དགེ་ཚོགས་གང་གཱའི་རྒྱུན།།
མར་གྱུར་བསོད་ནམས་བྱེ་བའི་ཆུ་ཕྲན་དང་།།
ལྷན་ཅིག་ཀུན་མཁྱེན་ཆོས་ཀྱི་རྒྱ་མཚོ་ཆེར།།
ཞུགས་ནས་ཕན་བདེ་འཕེལ་བའི་རྒྱུར་གྱུར་ཅིག།།

དེ་མ་ཐོབ་པའི་ཚེ་རབས་ཀུན་ཏུ་ཡང་།།
ངན་སོང་གནས་སུ་ནམ་ཡང་མི་སྐྱེ་བར།།
དལ་འབྱོར་རྟེན་བཟང་བསླབ་གསུམ་ནོར་གྱིས་ཕྱུག།།
ཐམས་ཅད་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག།།

སྲས་བཅས་རྒྱལ་བའི་ཐུགས་རྗེའི་བྱིན་རླབས་དང་།།
དྲང་སྲོང་གྲུབ་པ་རྣམས་ཀྱི་བདེན་ཚིག་དང་།།
ཆོས་དབྱིངས་འགྱུར་བ་མེད་པའི་བདེན་པ་ཡིས།།
རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག།།

       ཅེས། སྨོན་པའི་ཚིག་འདི་ཡང་ནང་སོ་བཀྲ་ཤིས་རབ་བརྟན་གྱིས་བསྐུལ་ཞིང་། རང་ཉིད་ཀྱང་སྤྲོ་བའི་འདུན་པས་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་པའོ།།

ཨོཾ་སྭསྟི།
ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན།།
རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ།།
སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར།།
ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ།།
སརྦ་ཛ་ག་ཏཾ།།

[pdf]
[epub]
[mobi]
[print]