The Sutra on What is Most Precious to a Monk – Tibetan

༄༅། །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ།།

༄༅། །རྒྱ་གར་སྐད་དུ། བྷི་ཀྵུ་པྲ་རེ་ཛུ་སཱུ་ཏྲ་ནཱ་མ། བོད་སྐད་དུ། དགེ་སློང་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་པད་མ་རྒྱས་པ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ། དེ་ནས་དགེ་སློང་གི་དགེ་འདུན་འཁོར་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་གོ །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་འཁོར་འདུས་པ་དེའི་ནང་ན་འཕགས་པ་ཉེ་བར་འཁོར་ཞེས་བྱ་བ་དབང་པོ་དུལ་བ། ཐོས་པ་དང་ལྡན་པ། ཤེས་རབ་ཟབ་པ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ལྷག་པར་མོས་ཤིང་མཆོག་ཏུ་འཛིན་པར་གནས་པ་རང་གི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟེར་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས། །ལག་གཉིས་ཀྱི་ཐལ་མོ་སྙིང་གར་སྦྱར་བ་བྱས་ཏེ། །འཛུམ་དམུལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།

འཁོར་བའི་འདམ་ནས་པད་མ་ལྟར་བྱུང་བའི།།
སྐྱོབ་མཛད་རི་བོ་ལྟ་བུར་མི་བསྐྱོད་ཐུབ་པའི་སྐུ།།
དཔེ་བྱད་རྒྱན་གྱིས་བརྒྱན་ཅིང་མཚན་གྱི་མེ་ཏོག་མཛེས།།
བལྟ་བས་མི་ངོམས་རབ་མཆོག་ཁྱོད་ལ་ཕྱག་འཚལ་ལོ།།

ཁྱོད་ཀྱིས་བདག་ཅག་འདིར་འདུས་འདི་དག་ལ།།
དགེ་སློང་འབའ་ཞིག་གནས་པས་དགེ་སློང་གི།
ངོ་བོ་དབྱེ་དང་སྒྲ་འཇུག་ཆེད་བྱ་བ།།
བཞི་པོ་འདི་དག་ཐུབ་པས་གསུང་སུ་གསོལ།།

དེ་ནས་བཅོམ་ལྡན་འདས་གཤེགས་རབ་དགྱེས་ཏེ།།
ཉེ་བར་འཁོར་ལ་སྤྱན་གཟིགས་འདི་སྐད་གསུངས།།
ལེགས་པར་ཉོན་ཅིག་བུ་ཁྱོད་ཉེ་བར་འཁོར།།
ངས་ནི་ཁྱོད་ཀྱི་སེམས་རངས་བྱ་ཕྱིར་དང་།།
དགེ་སློང་རྣམས་ལ་ཕན་ཕྱིར་དེ་བཤད་དོ།།

དགེ་སློང་ཞེས་བྱ་ཆོས་ཀྱི་རྒྱལ་མཚན་ཏེ།།
དགེ་སློང་ཞེས་བྱ་རྡོ་རྗེ་སྲོག་ཤིང་ཡིན།།
དགེ་སློང་ཞེས་བྱ་སྡུག་བསྔལ་སྤངས་པ་སྟེ།།
དགེ་སློང་ཞེས་བྱ་རྒྱལ་བའི་སྲས་པོ་ཡིན།།
དགེ་སློང་ཞེས་བྱ་ཉོན་མོངས་སྲོག་བཅད་དེ།།
དགེ་སློང་ཞེས་བྱ་ཐར་པའི་ཚལ་འགྲོའོ།།

དགེ་སློང་རང་གི་ངོ་བོ་བསྡམས་པ་སྟེ།།
རྩ་བ་བཞི་སོགས་ཉིས་བརྒྱ་ལྔ་བཅུ་པ།།
ཆེད་དུ་བྱ་བ་རྣམ་དག་ཚུལ་ཁྲིམས་ཡིན།།

དབྱེ་བ་མིང་གི་དགེ་སློང་གང་ཡིན་དང་།།
རྟགས་ཙམ་འཛིན་དང་ཡང་དག་དགེ་སློང་སྟེ།།

སྒྲ་འཇུག་རྣམ་པར་ཟད་ཕྱིར་དང་།།
དགེ་བ་སློང་དང་ཟས་སློང་དང་།།
ཞི་བར་གནས་དང་ལམ་ཞུགས་དང་།།
ལེགས་པར་འཚོ་དང་ཆགས་སྤངས་དང་།།
ཡིད་འོང་ཕྱིར་ན་དགེ་སློང་ངོ་།།

དགེ་སློང་ཞེས་བྱ་བརྒྱན་པ་སྟེ།།
རྒྱན་སྤངས་རྒྱན་གྱིས་ལེགས་པར་བརྒྱན།།
ཆགས་སྤངས་ཆགས་པ་ཆེན་པོས་སྤྱད།།
བྱུག་པ་འཁྲུས་དང་བཟའ་བ་དང་།།
རྒྱན་དང་གོས་དང་ཁ་དོག་དང་།།
རྟ་དང་གླང་པོ་ཁྱོགས་སོགས་ཀྱི།།
བཞོན་བ་བླ་མེད་དེ་ཡང་བཞོན།།
དེ་དག་འབྱོར་པ་དགེ་སློང་སྟེ།།
དེ་དག་མི་འབྱོར་དགེ་སློང་མིན།།

དེ་ནས་ཉེ་བར་འཁོར་དེ་ཡིས།།
བཅོམ་ལྡན་འདས་ལ་འདི་སྐད་གསོལ།།

ཅི་དེ་བདེ་བར་གཤེགས་པ་ཡིས།།
སྐད་བྱིངས་རྟོགས་པར་དཀའ་བ་གསུངས།།
དེ་ཉིད་བདེ་བར་གཤེགས་པ་ཡིས།།
ཚིག་གི་མུན་པ་ཚིག་གི་ནི།།
མར་མེས་གསལ་བར་མཛད་དུ་གསོལ།།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།།

གསེར་ལ་སོགས་པ་འཇིག་རྟེན་རྒྱན།།
རབ་ཏུ་སྤངས་པས་སྙིང་རྗེ་ཡི།།
རྒྱན་གྱི་མཆོག་གྱིས་རྒྱན་པར་བྱ།།
འཇིག་རྟེན་མ་ཡིན་བསླབ་པ་ཡི།།
གོས་གྱོན་གོས་མཆོག་བཟང་པོ་ཡིན།།
ག་བུར་ལ་སོགས་མ་ཡིན་པའི།།
ཚུལ་ཁྲིམས་བྱུག་པ་མཆོག་གིས་བྱུག།
དཀར་དམར་ལ་སོགས་མ་ཡིན་པའི།།
དད་པའི་ཁ་དོག་རྣམ་པར་མཛེས།།
འཇིག་རྟེན་མ་ཡིན་བརྩོན་འགྲུས་ཀྱི།།
བཞོན་བ་བླ་མེད་མགྱོགས་པའི་མཆོག།
བསམ་གཏན་ཆོས་སྤྱོད་ཟས་མཆོག་ནི།།
འབྲས་ཆན་པས་ནི་རོ་མཆོག་ལྡན།།

དགེ་འདུན་ཚོགས་ཀྱི་གཞལ་ཡས་ཁང་།།
ཞི་གནས་སྟན་ལ་རབ་ཏུ་སྤྱད།།
དེ་དག་ལྡན་ཞིང་ཕྱིར་མི་ལྡོག།།
དེ་ནི་ཡང་དག་དགེ་སློང་ཡིན།།

གཙོ་བོ་གསུམ་དང་འཁོར་ལྔར་ལྡན།།
དྲང་སྲོང་སྣོད་བཅས་འཁར་གསིལ་ལྡན།།
ལུས་ངག་ཡིད་གསུམ་རྣམ་པར་བསྡམས།།
རང་གི་སྤྱོད་པ་བརྟུལ་ཞུགས་བསྟན།།
དེ་ཡང་ཡང་དག་དགེ་སློང་ཡིན།།

དེ་གཉིས་ཐར་པའི་གྲོང་ཁྱེར་ལ།།
བསྙེན་པས་ཐར་པའི་བདེ་བའི་མཆོག།
ཡང་དག་མ་ཡིན་གཉིས་ཤོས་ནི།།
ལྷུང་གཟེད་ལ་སོགས་རབ་འབར་བས།།
དམྱལ་བར་ཁྲོ་ཆུ་ལྟ་བུར་ནི།།
བསྐལ་པ་སྟོང་ཕྲག་བཞི་རུ་འཚེད།།

ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ།།
ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་རྒྱུ།།
ཚུལ་ཁྲིམས་ལྡན་པ་བདེ་བའི་མཆོག།
ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན།།

ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང་།།
བསྡམས་པས་མི་དེ་མཛེས་པའི་གཟུགས།།
འདུལ་བ་ལ་ནི་ཉེ་བར་གནས།།
ཚུལ་ཁྲིམས་བསླབ་པ་རང་ཡིད་ཆེས།།
མི་དེ་ཉི་མ་གཅིག་ལ་ཡང་།།
བསོད་ནམས་ཕུང་པོ་དཔག་མེད་པ།།
སོག་ཅིང་སངས་རྒྱས་འབྲས་བུ་སྐྲུན།།

རང་གིས་རང་ལ་བསླུས་འདེབས་ཤིང་།།
བསླབ་པ་ལ་ནི་མི་གནས་ཤིང་།།
བདེ་བར་ཤེགས་པའི་རྒྱལ་མཚན་འཛིན།།
གཟུགས་ཙམ་ལ་ནི་བརྟེན་ནས་སུ།།
ང་ནི་དགེ་སློང་ཡིན་ཟེར་བ།།

གླང་སྨྱོན་སྣ་རལ་བཏགས་པའམ།།
སྦྲུམ་མ་སྐྱུར་རྩི་འཐུངས་པ་ལྟར།།
མི་དེ་ཉི་མ་གཅིག་ལ་ཡང་།།
སྡིག་པའི་ས་བོན་དཔག་མེད་དང་།།
རང་ལ་གནོད་པ་སྣ་ཚོགས་པ།།
བྱེད་པར་འགྱུར་བ་ཁོ་ན་ཡིན།།

གང་ཞིག་བསླབ་ལ་མི་གནས་ཤིང་།།
བདེར་གཤེགས་རྒྱལ་མཚན་འཛིན་པ་བས།།
བསླབ་པ་མི་གནས་སྐད་ཅིག་ལ།།
གཟུགས་པོར་ཁྱིམ་པར་གནས་པ་བཟང་།།
བསླབ་པ་མི་གནས་རྟགས་འཛིན་པ།།
འཇིག་རྟེན་པ་ནི་ཐམས་ཅད་ཀྱི།།
སྙིང་དུ་སྡུག་པར་མི་འགྱུར་ཞིང་།།
ཀུན་གྱི་ཚིག་གི་ངན་སྣོད་ས།།

དཔེར་ན་སྡོང་པོ་བཟང་པོ་ལ།།
ཡུན་རིང་ཡལ་ག་འཁྲུང་བ་བཞིན།།
མི་དེ་རྟགས་ཙམ་ཡུན་རིང་ན།།
ཁ་ན་མ་ཐོའི་གཏམ་འཕེལ་དང་།།
སྡིག་པའི་ལས་རྣམས་ཕེལ་བར་བཤད།།

ཚུལ་ཁྲིམས་འདི་ནི་བདེ་བའི་མཆོག།
ཚུལ་ཁྲིམས་འདི་ནི་ཐར་པའི་ལམ།།
ཚུལ་ཁྲིམས་འདི་ནི་ཡོན་ཏན་ཞིང་།།
ཚུལ་ཁྲིམས་འདི་ནི་སངས་རྒྱས་རྒྱུ།།
ཚུལ་ཁྲིམས་འདི་ནི་རབ་མཆོག་ཡིན།།
མིག་གི་འབྲས་བུ་བཞིན་དུ་སྲུངས།།
སྲོག་ལ་བབ་ཀྱང་ཚུལ་ཁྲིམས་ནི།།
གཏོང་བ་མི་མཁས་བླུན་པོ་ཡིན།།

སྲོག་ཆད་ཕྱི་མར་སྐྱེ་བ་སྟེ།།
ཚུལ་ཁྲིམས་ཕྱི་ནས་དེ་ལྟར་མིན།།
དེ་བས་ཉེ་བར་འཁོར་སོགས་ཀྱིས།།
འདི་ཉིད་ལ་ནི་བརྟན་པར་ཟུང་།།

       དེ་སྐད་ཅེས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་ཏེ། །ཉེ་བར་འཁོར་ལ་སོགས་པ་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ཞེས་བྱ་བ་རྫོགས་སོ།།

[pdf]
[epub]
[mobi]
[print]