A Sadhana of Je Tsongkhapa arranged in verse – Tibetan

༄༅། །རྗེ་བཙུན་བླ་མའི་རྣལ་འབྱོར།
རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།།

འདིར་སྐལ་ལྡན་གྱི་སྐྱེས་བུ་རྗེ་བཙུན་བླ་མའི་རྣལ་འབྱོར་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། དོན་དྲན་བཞིན་པའི་ངང་ནས་འདི་ལྟར་བརྗོད་པར་བྱའོ།།

མདུན་གྱི་ནམ་མཁར་འོད་འབར་ནོར་བུའི་ཁྲི།།
སྣ་ཚོགས་པད་ཉི་ཟླ་བའི་དཀྱིལ་འཁོར་སྟེང་།།
དུས་གསུམ་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས།།
ངུར་སྨྲིག་ཚུལ་བཟུང་རྒྱལ་བ་ཙོང་ཁ་པ།།
སྐུ་མདོག་དཀར་གསལ་མཛེས་པའི་འཛུམ་ཞལ་ལྡན།།
ཆོས་འཆད་ཕྱག་གཉིས་མཚན་པའི་ཨུཏྤལ་སྟེང་།།
ཤེས་རབ་རལ་གྲི་ཤེར་ཕྱིན་གླེགས་བམ་བསྣམས།།
གསེར་མདོག་པཎ་ཞུ་གསོལ་ཞིང་གུར་ཀུམ་གྱི།།
མདངས་ལྡན་ཆོས་གོས་གསུམ་གྱིས་མངོན་པར་ཀླུབ།།
མཚན་དཔེའི་དཔལ་འབར་གཟི་བརྗིད་ཕུང་པོའི་སྐུ།།
རབ་མཛེས་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས།།
སྐྱབས་གསུམ་མ་ལུས་འདུས་པའི་བདག་ཉིད་ཅན།།
སྐྱིལ་ཀྲུང་ཚུལ་གྱིས་བཞུགས་པའི་གནས་གསུམ་དུ།།
རྡོ་རྗེ་གསུམ་མཚན་ཧཱུཾ་ཡིག་འོད་ཟེར་གྱིས།།
མ་ལུས་དཀོན་མཆོག་གསུམ་གྱིས་ཡོངས་བསྐོར་བའི།།
དུས་གསུམ་སངས་རྒྱས་བློ་བཟང་གྲགས་པའི་དཔལ།།
སྤྱན་དྲངས་བསོད་ནམས་ཞིང་གི་དམ་པར་བཞུགས།།

དཔལ་ལྡན་རིགས་བརྒྱའི་གཙུག་རྒྱན་རྡོ་རྗེ་འཆང་།།
སྐལ་བཟང་ཞིང་གི་འདྲེན་པ་ཤཱཀྱའི་ཏོག།།
སྙིགས་དུས་རྒྱལ་བའི་དབང་པོ་ཙོང་ཁ་པ།།
དབྱེར་མེད་བླ་མ་མཆོག་ལ་གུས་ཕྱག་འཚལ།།

སྲིད་ཞི་ཕྱི་ནང་གསང་བའི་མཆོད་པའི་སྤྲིན།།
དངོས་བཤམས་ཡིད་སྤྲུལ་ནམ་མཁའ་གང་བ་དང་།།
བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས།།
ཐུགས་རྗེ་ཆེ་ལྡན་ཚོགས་རྣམས་མཉེས་ཕྱིར་འབུལ།།

ཉོན་མོངས་དབང་གིས་སྒོ་གསུམ་སྡིག་པའི་ལས།།
བགྱིས་དང་བགྱིད་བསྩལ་ཡི་རང་ཅི་མཆིས་པ།།
གནོང་ཞིང་འགྱོད་པས་རྗེ་བཙུན་བླ་མའི་དྲུང་།།
བཤགས་ཤིང་སླན་ཆད་མི་བགྱིད་ཡང་དག་སྡོམ།།

རང་གཞན་རྣམ་དཀར་ཕུང་པོ་ཇི་སྙེད་དང་།།
ཁྱད་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི།།
སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི།།
སྐྱོན་བྲལ་མཛད་པ་ཀུན་ལ་རྗེས་ཡི་རང་།།

བདག་སོགས་འགྲོ་ཀུན་མ་རིག་གཉིད་སློང་ཞིང་།།
ཡང་དག་ལམ་བཟང་ཀུན་ནས་གསལ་མཛད་པ།།
སྣ་ཚོགས་གདུལ་བྱའི་བསམ་པ་ཇི་བཞིན་དུ།།
ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སྐོར་དུ་གསོལ།།

མཐའ་དག་ཕན་བདེའི་པད་ཚལ་བཞད་པའི་གཉེན།།
མགོན་པོ་ཁྱོད་དང་ཁྱོད་ཀྱི་ལུགས་བཟང་གི།
ཉིན་མོའི་དབང་ཕྱུག་འགྲོ་བའི་མུན་སེལ་དུ།།
གྲངས་མེད་བསྐལ་པའི་བར་དུ་བཞུགས་སུ་གསོལ།།

འདིས་མཚོན་དགེ་བས་ཚེ་རབས་ཀུན་ཏུ་བདག།།
རྗེ་བཙུན་བླ་མས་འབྲལ་མེད་རྗེས་བཟུང་སྟེ།།
ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མཐར་ཕྱིན་ནས།།
བླ་མེད་བྱང་ཆུབ་དམ་པའི་རྒྱུ་རུ་བསྔོ།།

དེ་ནས་དམིགས་བརྩེ་མ་བརྒྱ་སྟོང་སོགས་དམིགས་པ་དང་བཅས་པའི་སྒོ་ནས་བརྗོད།

དུས་གསུམ་བདེ་གཤེགས་ཀུན་གྱི་ངོ་བོ་ཉིད།།
བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་འབྱུང་བའི་གནས།།
རབ་འབྱམས་འཕགས་ཚོགས་ཡོངས་ཀྱི་འདྲེན་པ་མཆོག།།
གསོལ་བ་འདེབས་སོ་རྗེ་བཙུན་བློ་བཟང་གྲགས།།

མཚན་ཙམ་ཐོས་པས་བར་ཆད་ཀུན་སེལ་ཞིང་།།
དྲན་པ་ཡིས་ཀྱང་ངན་འགྲོའི་འཇིགས་ལས་སྐྱོབ།།
ཚུལ་བཞིན་བསྟེན་ན་དངོས་གྲུབ་མཆོག་སྩོལ་བའི།།
རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།

རབ་འབྱམས་རྒྱལ་བ་ཀུན་གྱི་རྡོ་རྗེ་གསུམ།།
ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་བསྡུས་ནས།།
ངུར་སྨྲིག་འཛིན་པའི་གར་གྱིས་རྣམ་རོལ་བ།།
རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།

འཇམ་མགོན་བླ་མའི་ཐུགས་རྗེའི་འོད་སྟོང་གིས།།
བདག་བློའི་པདྨོའི་གེ་སར་རྒྱས་མཛད་དེ།།
རྒྱ་ཆེ་གསལ་ཞིང་མྱུར་དང་ཟབ་པ་ཡི།།
ཤེས་རབ་སྦྲང་རྩི་དགའ་སྟོན་རྒྱས་པར་མཛོད།།

མདོ་རྒྱུད་བསྟན་བཅོས་ཀུན་གྱི་ཚིག་དོན་རྣམས།།
གཞན་དྲིང་མི་འཇོག་ལེགས་པར་འབྱེད་པ་དང་།།
ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་གསུམ་གྱི།།
ཕུན་སུམ་ཚོགས་པའི་ཤེས་རབ་བདག་ལ་སྩོལ།།

དེང་ནས་རང་གཞན་གྲུབ་མཐའི་ཕ་རོལ་སོན།།
ཇི་སྙེད་རིག་པའི་གནས་རྣམས་ཀུན་ལ་མཁས།།
སྒྲིབ་གཉིས་མུན་སྟུག་མ་ལུས་འཇོམས་བྱེད་པའི།།
ཀུན་མཁྱེན་ཡེ་ཤེས་སྣང་བ་སྩལ་དུ་གསོལ།།

ཁྱད་པར་འདི་སྣང་འགགས་ཚེ་དགའ་ལྡན་དུ།།
སྐྱེས་ནས་མི་ཕམ་འཇམ་དཔལ་སྙིང་པོ་ཡི།།
གསུང་གི་བདུད་རྩི་འབྲལ་མེད་ལོངས་སྤྱད་དེ།།
རྒྱལ་སྲས་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་ཤོག།།

       ཅེས་འཇུག་པ་བདེ་བའི་ཕྱིར་རྗེ་བཙུན་བླ་མའི་སྒྲུབ་ཐབས་ཚིགས་བཅད་དུ་བསྒྲིགས་པ་འདི་ཡང་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བའི་ངོར། སྐྱེས་ཙམ་ཉིད་ནས་རྗེ་བཙུན་བླ་མ་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམས་ཁང་དགའ་ལྡན་ཕོ་བྲང་དུ་སྦྱར་བའོ།།

[pdf]
[epub]
[mobi]
[print]